༢༦
དེའི་དུས་སུ་ཡ་ཧུ་དཱ་ཡུལ་གྱི་ནང་ན་མགུར་འདི་ལེན་པར་བྱ། ངེད་ལ་གྲོང་ཁྱེར་བཙན་པོ་ཞིག་ཡོད་དོ། ལྕགས་རི་སྤེའུ་ཡི་ཚབ་ཏུ་དཀོན་མཆོག་གིས་ཐར་པ་དགོད་དོ།  བདེན་པ་ཉིད་དང་དུ་བླངས་པའི་ཆོས་དྲང་པོའི་མི་བརྒྱུད་དེ། ནང་དུ་འཛུལ་བའི་ཕྱིར་ཁྱེད་ཀྱིས་རྒྱ་སྒོ་རྣམས་ཕྱེ་བར་བྱོས།  ཁྱེད་བསྒོམས་པའི་མི་ཁྱེད་ཀྱིས་ཕུན་སུམ་ཚོགས་པའི་ཞི་བདེའི་ནང་སྲུང་འོང་། གང་ལ་ཞེ་ན། དེ་ཡིས་ཁྱེད་ལ་བློ་གདེང་བྱེད་པས་སོ།  ཡ་ཧོ་ཝཱ་གཏན་གྱི་བྲག་ལགས་པས། ཡ་ཧོ་ཝཱ་ལ་དུས་རྒྱུན་དུ་བློ་ཐོད།  མཐོ་སར་གནས་པ་དག་ཁོང་གིས་མར་ཕབ་སྟེ། གྲོང་ཁྱེར་མཐོན་པོ་དེ་ཡང་སར་ཕབ་སྟེ། ཁོང་གིས་དེ་ནི་ཕབ་སྟེ་ས་དང་བསྲེས་ནས་རྡུལ་དུ་བརློགས།  དེ་ལ་རྐང་པས་རྡོག་རྫིས་བྱེད་ཅིང་། དབུལ་པོའི་རྐང་པ་དང་འཕོངས་པའི་གོམ་པ་རྣམས་ཀྱིས་དེ་རྫིའོ༎
 དྲང་བ་ཉིད་ནི་མི་དྲང་པོའི་ལམ་སྟེ། ཐུགས་དྲང་པོ་ཁྱེད་ཀྱིས་མི་དྲང་པོའི་ལམ་སྲོང་བར་མཛད།  འོ་ན། ཁྱེད་ཀྱི་ཞལ་ཆེ་གཅོད་ལུགས་ཀྱི་ལམ་གྱི་ནང་ན། ཀྱེ་ཡ་ཧོ་ཝཱ། ངེད་ནི་ཁྱེད་ལ་བསྒུགས་པ་ཡིན། ཁྱེད་ཀྱི་མཚན་དང་དྲན་རྟེན་གྱི་ཕྱོགས་སུ་ངེད་ཀྱི་སེམས་ཀྱི་དུང་བ་ཡོད་དོ།  མཚན་མོར་ངའི་སེམས་ཀྱིས་ཁྱེད་ལ་དུང་དུས་བྱས། སྔ་དྲོ་རེ་བཞིན་ངས་རང་གི་སྙིང་ནས་ཁྱེད་འཚོལ་བར་བྱ། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱི་ཞལ་ཆེ་གཅོད་ལུགས་ནམས་ས་ལ་ཡོད་པའི་དུས་སུ། དྲང་བ་ཉིད་ཅི་ཡིན་འཇིག་རྟེན་པ་རྣམས་ལ་སློབ་པར་འགྱུར་རོ། ༡༠ ངན་པའི་མིར་ཐུགས་རྗེ་མཛད་ནའང་། ཁོས་དྲང་བ་ཉིད་མི་སློབ་སྟེ། དེས་དྲང་བ་ཉིད་ཀྱི་ཡུལ་ཁམས་ཀྱི་ནང་དུ་ལོག་པར་སྤྱོད་ཅིང་། དཀོན་མཆོག་གི་ཆེ་བ་ལ་མི་ལྟའོ། ༡༡ ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱི་ཕྱག་ནི་ཡར་འཕགས་པ་ལགས་ཀྱང་། དེ་དག་གིས་མི་མཐོང་ངོ་། དེ་རྣམས་ངོ་ཚ་བའི་ཕྱིར་དུ། ཉིད་ཀྱི་འབངས་ཀྱི་ཕྱིར་མཛད་པའི་ཐུགས་འཁྲེན་ནི་དེ་དག་གིས་མཐོང་ཞིང་། ཁྱེད་ཀྱི་དགྲར་འབབ་བྱའི་མེས་དེ་རྣམས་ཟ་ན་ཅི་མ་རུང་།
༡༢ ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱིས་ངེད་ཀྱི་དོན་དུ་ཞི་བདེ་འཛུག་པར་འགྱུར། གང་ལྟར་ཞེ་ན། ཁྱེད་ཉིད་ཀྱིས་ངེད་ཅག་གི་དོན་དུ་ངེད་ཅག་གི་ལས་ཐམས་ཅད་བསྒྲུབས་སོ། ༡༣ ཀྱེ་ཡ་ཧོ་ཝཱ། ངེད་ཀྱི་དཀོན་མཆོག ཁྱེད་མ་ཟད་གཞན་གཙོ་བོ་དག་གིས་ངེད་ལ་སྲིད་བྱས་རུང་། ཁྱེད་འབའ་ཞིག་གི་ནང་ནས་ཁྱེད་ཀྱི་མཚན་བརྗོད་པར་བྱའོ། ༡༤ དེ་རྣམས་ཤི། སླར་མི་གསོན། དེ་རྣམས་འདས། སླར་མི་ལང་། དེའི་ཕྱིར་དུ་ཁྱེད་ཀྱིས་དེ་དག་ལ་གཟིགས་སྟང་མཛད་དེ་མེད་པར་མཛད་ནས། དེ་དག་གི་ལོ་རྒྱུས་ཀྱང་ནུབ་ཏུ་བཅུག་གོ། ༡༥ ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱིས་མི་བརྒྱུད་འདི་རྒྱས་སུ་བཅུག་སྟེ། མི་རིགས་འདི་དར་བར་མཛད་དེ། ཁྱེད་ཀྱི་གཟི་བརྗིད་མངོན་དུ་ཕྱུང་། ཡུལ་གྱི་ས་མཚམས་ཐམས་ཅད་ཁྱེད་ཀྱིས་རྒྱ་ཆེར་བསྐྱེད་དོ། ༡༦ ཀྱེ་ཡ་ཧོ་ཝཱ། སྡུག་དུས་དེ་དག་གིས་ཁྱེད་ཀྱི་ཕྱོགས་སུ་ལྟས། ཁྱེད་ཀྱིས་འཇུན་སྐབས་དེ་དག་གིས་གསོལ་བ་བླུགས། ༡༧ ཇི་ལྟར་སྐྱེ་དུས་ཉེ་བའི་བུད་མེད་སྦྲུམ་མ་ཟུག་གིས་གདུངས་ཏེ། གཟེར་གྱིས་ངུ་འབོད་འདོན་པ་བཞིན། ངེད་ཀྱང་ཁྱེད་ཀྱི་གཟིགས་ངོར་ཡོད་པ་ཡིན། ཀྱེ་ཡ་ཧོ་ཝཱ། ༡༨ ངེད་ཅག་སྦྲུམ་མར་གྱུར་ཏེ། ཟུག་གཟེར་བྱུང་ཡང་། རླུང་བཙས་པ་དང་འདྲ་བར་ངེད་ཀྱིས་ས་གཞིའི་ནང་ཐར་པ་ཅིའང་འབད་པར་མ་བྱས། འཇིག་རྟེན་གྱི་ནང་ན་མི་རྣམས་ཀྱང་མ་སྐྱེས་སོ། ༡༩ ཁྱེད་ཀྱི་གཤིན་པོ་རྣམས་ལང་ཞིང་། ངའི་རོ་རྣམས་ལང་བར་འགྱུར། ཐལ་བའི་ནང་གནས་པ་དག་གཉིད་སོད་ལ། གླུ་ལེན་ཞིག གང་ལ་ཞེ་ན། ཁྱེད་ཀྱི་ཟིལ་པ་ནི་སྔོ་ཚོད་ཀྱི་ཟིལ་པ་དང་འདྲ་སྟེ། ས་གཞིས་གཤིན་པོ་དག་ཕྱིར་འབྱིན་པར་འགྱུར། ༢༠ ངའི་མི་བརྒྱུད་ད་ཤོག་ལ། རང་གི་ནང་མིག་ཏུ་ཞུགས་པའི་འོག་ཏུ་རང་གི་སྒོ་ཆུག་ཅིག་དང་། དུས་རེ་ཞིག་ཐུགས་ཁྲོ་མ་ཡོལ་བའི་བར་དུ། དེར་ཡིབ་ནས་སྡོད་ཅིག ༢༡ གང་ལ་ཞེ་ན། ཀྱེ་ཧོ། མི་ཡུལ་པ་དག་ལ་དེ་དག་གི་ལས་ངན་པའི་ཕྱིར་ཆད་པས་གཅོད་དུ། ཡ་ཧོ་ཝཱ་ཉིད་ཀྱི་བཞུགས་གནས་ལས་གཤེགས་ཀྱིན་འདུག དེ་ནས་སས་རང་གི་ནང་ན་ཡོད་པའི་ཁྲག་སྟོན་ཞིང་། རང་གི་བསད་པ་རྣམས་སྦ་བར་ཡང་མི་བྱའོ༎