༢༥
ཀྱེ་ཡ་ཧོ་ཝཱ། ཁྱེད་ནི་ངའི་དཀོན་མཆོག་ལགས། ངས་ཁྱེད་ལ་གཟེངས་བསྟོད་ཅིང་། ཁྱེད་ཀྱི་མཚན་ལ་བསྔགས་པར་བྱའོ། གང་ལ་ཞེ་ན། ཁྱེད་ཀྱིས་ངོ་མཚར་ཆེ་བའི་བྱ་བ་རྣམས་མཛད་དེ། ཁྱེད་ཀྱི་སྔ་མའི་གསུང་གྲོས་རྣམས་ནི་དམ་ཞིང་བདེན་པ་ལགས་སོ།  གང་ལྟར་ཞེ་ན། ཁྱེད་ཀྱིས་གྲོང་ཁྱེར་ནི་སའི་ཕུང་པོ་དང་། གྲོང་ཁྱེར་བཙན་པོ་ནི་ཡུལ་གོག་དང་། མི་ཡན་གྱི་ཕོ་བྲང་ནི་གྲོང་ཁྱེར་དུ་མི་ལུས་པར་མཛད་པས། དེ་ནམ་ཡང་རྩིག་པར་མི་འགྱུར།  དེའི་ཕྱིར་མི་སྟོབས་ལྡན་གྱིས་ཁྱེད་ལ་བསྟོད་ཅིང་། འཇིགས་སུ་རུང་བའི་མི་སྡེའི་གྲོང་ཁྱེར་རྣམས་ཀྱིས་ཁྱེད་ལ་བག་བྱེད་པར་འགྱུར།  དེ་ཅིའི་ཕྱིར་ཞེ་ན། མི་དྲག་པོ་རྣམས་ཀྱི་ཁ་རླངས་ནི་རྩིག་པར་འཕོག་པའི་རླུང་དྲག་ལྟར་ལྡང་དུས་སུ། ཁྱེད་འཕོངས་པ་དག་ལ་རྫོང་དང་། དབུལ་ཕོངས་ལ་དཀའ་བའི་དུས་སུ་རྫོང་དང་། རླུང་དྲག་གི་ནང་ན་སྐྱབས་གནས་དང་། ཚད་པའི་ནང་དུ་གྲིབ་བསིལ་དུ་གྱུར་པའི་ཕྱིར་རོ།  གནས་སྐམ་པོའི་ཚད་པ་ལྟར་ཁྱེད་ཀྱིས་མི་མཐའ་འཁོབ་ཀྱི་ཀུ་ཅོ་མེད་པར་བྱས་ཏེ། སྤྲིན་གྱི་གྲིབ་ཀྱིས་ཚད་པ་གཅོག་པ་ལྟར། མི་དྲག་པོ་རྣམས་ཀྱི་གླུ་དབྱངས་ཀྱང་བཅད་དོ༎
 ཡང་རི་བོ་འདིར་དཔུང་ཆེན་གྱི་ཡ་ཧོ་ཝཱས་མི་བརྒྱུད་ཐམས་ཅད་ཀྱི་དོན་དུ་རྫས་ཚོན་པོའི་མགྲོན་བཤོམ་པར་བྱ་ཞིང་། ནེ་རེའི་སྟེང་གི་རྒུན་ཆང་སིང་མ་དང་། རྐང་མར་གྱིས་གང་བའི་ཤ་རྒྱགས་པ་དང་། ནེ་རེ་ལེགས་པར་དྭངས་མ་བྱས་པའི་རྒུན་ཆང་གི་མགྲོན་ཤོམ་བྱའོ།  ཡང་ཁོང་གིས་མི་བརྒྱུད་ཐམས་ཅད་བཀབ་པའི་ཡོལ་བ་དང་། མི་རིགས་ཡོད་དོ་ཅོག་ལ་བཀབ་པའི་གདོང་ཁེབས་ནི་རི་བོ་འདིར་མེད་པར་མཛད་དེ།  འཆི་བ་ནི་དུས་གཏན་གྱི་ཕྱིར་མིད་པར་མཛད་དེ། གདོང་པ་ཐམས་ཅད་ཀྱི་མཆི་མ་ནི་ཡ་ཧོ་ཝཱ་དཀོན་མཆོག་གིས་ཕྱིས་ཏེ། ཉིད་ཀྱི་འབངས་ཀྱི་སྨད་པ་ནི་ས་གཞི་ཐམས་ཅད་ལས་འཁྱེར་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་གསུངས་པའི་ཕྱིར་དུའོ༎
 ཡང་དེའི་དུས་སུ་འདི་སྐད་སྨྲ་བར་འགྱུར། ལྟོས་ཤིག འདི་ནི་ངེད་ཀྱི་དཀོན་མཆོག་གོ། ངེད་ཁོང་ལ་བསྒུགས་ནས་བསྡད་པས། ཁོང་གིས་ངེད་སྒྲོལ་བར་བྱ། འདི་ནི་ཡ་ཧོ་ཝཱ་ལགས། ངེད་ཁོང་གི་ཕྱིར་བསྒུགས་པས། ངེད་ཁོང་གི་བདེ་ཆེན་གྱི་ནང་ན་དགའ་མགུ་ཞིང་ཡི་རང་བར་འགྱུར་རོ། ༡༠ དེ་ཅིའི་ཕྱིར་ཞེ་ན། རི་བོ་འདིར་ཡ་ཧོ་ཝཱས་ཕྱག་གཞག་སྟེ། ལུད་ཁུའི་ནང་ནས་སོག་མ་ལ་རྡོག་རྫིས་བྱེད་པ་ལྟར། མོ་ཨབ་ནི་རང་གནས་སུ་རྡོག་རྫིས་ལ་གཏང་ངོ་། ༡༡ ཡང་རྐྱལ་དུས་རྐྱལ་བའི་ཕྱིར་ལག་པ་ཐར་རྐྱོང་བ་ལྟར། དེའི་ནང་ན་ལག་པ་རྐྱོང་ནའང་། ཁོང་གིས་དེ་དག་གི་ང་རྒྱལ་དང་། ལག་པའི་ཁྲམ་གཉིས་དམའ་སར་འབེབས་པར་བྱ་སྟེ། ༡༢ ཁྱོད་ཀྱི་ལྕགས་རིའི་རྫོང་མཐོན་པོའི་སྤེའུ་རྣམས་རློག་ཅིང་ཕབ་སྟེ། ས་དང་མཉམ་པ་མ་ཟད་རྡུལ་དུ་རློག་པར་འགྱུར་རོ༎