༢༤
ལྟོས་ཤིག ཡ་ཧོ་ཝཱས་ས་གཞི་སྲས་ཏེ་སྟོང་པར་མཛད་ཅིང་། རྩ་རྩེ་སློག་སྟེ། དེའི་ནང་ན་གནས་པའི་མི་རྣམས་ཁྲེ་གཏོར་དུ་གཏོང་ངོ་། ༢ དེ་ནས་འབངས་བཞིན་དུ་བླ་མ་དང་། གཡོག་པོ་བཞིན་དུ་དཔོན་པོ་དང་། གཡོག་མོ་བཞིན་དུ་དཔོན་མོ་དང་། ཉོ་མཁན་བཞིན་དུ་འཚོང་མཁན་དང་། བུན་བདག་བཞིན་དུ་བུན་པ་དང་། སྐྱེད་ལེན་མཁན་བཞིན་དུ་སྐྱེད་འཇལ་མཁན་ལ་ཡང་འབྱུང་བར་འགྱུར། ༣ བཀའ་འདི་ནི་ཡ་ཧོ་ཝཱས་གསུངས་པས། ས་གཞི་ཡོངས་སུ་སྟོང་པ་དང་། རྩ་བ་ནས་འཇིག་པར་འགྱུར་རོ། ༤ ས་གཞི་ངུ་ཞིང་རྙིད། འཇིག་རྟེན་ཉམས་ང་ཞིང་སྐེམ། སའི་སྐུ་དྲག་རྣམས་རྒུད། ༥ མི་ཡུལ་པ་རྣམས་བཀའ་རྒྱ་ལས་འགལ་ཏེ། བཀའ་ཁྲིམས་རྣམས་བསྒྱུར་ཏེ། མཐའ་མེད་པའི་ཞལ་ཆད་བཅག་པའི་རྐྱེན་གྱིས་དེ་དག་གི་འོག་ན་ས་ལའང་གྲིབ་ཕོག་པར་གྱུར་ཏོ། ༦ དེ་ལྟར་དམོད་པས་ས་གཞི་ཟོས་ཏེ། མི་ཡུལ་པ་རྣམས་ནོངས་ཅན་དུ་གྱུར་པས། ས་གཞིའི་མི་རྣམས་འཚིག་པར་གྱུར་ནས། མི་ཉུང་ཙམ་ཞིག་ལུས་སོ། ༧ རྒུན་ཆང་གསར་པས་ནི་མྱ་ངན་བྱེད། རྒུན་ཤིང་ནི་ཉམས་ཐག སྙིང་སྡུག་པ་དག་གིས་ནི་ཤུགས་ནར་འབྱིན། ༨ རྔའི་དགའ་བ་ནི་ཆད། ཡིད་མགུ་བ་དག་གི་ཀུ་སྒྲ་ནི་རྫོགས། པི་ཝང་གི་ཡི་རང་བ་ནི་འཚར། ༩ དེ་ནས་དེ་དག་གིས་གླུ་ལེན་ཞིང་རྒུན་ཆང་ཡང་མི་འཐུང་། ཆང་གར་བ་འཐུང་མཁན་གྱིས་དེའི་རོ་ཁ་བར་རིག ༡༠ སྟོང་པའི་གྲོང་ཁྱེར་ནི་བརྡིབས་ཏེ། ནང་དུ་གང་ཡང་མི་འོང་བའི་ཕྱིར་ཁྱིམ་ཐམས་ཅད་ཀྱི་སྒོ་ནི་བཅད། ༡༡ ལམ་སྲང་ན་རྒུན་ཆང་གི་དོན་དུ་ངུ་སྐད་འབྱིན། དགའ་བ་ཐམས་ཅད་ནི་བསྒྲིབས། ཡུལ་གྱི་སྐྱིད་པ་ནི་བཞུད། ༡༢ གྲོང་ཁྱེར་ནང་ཁང་རོལ་ནི་ལུས། རྒྱ་སྒོ་ནི་འཇིག་བྱེད་ཀྱིས་བཅག ༡༣ དེ་ཅིའི་ཕྱིར་ཞེ་ན། ཁ་སྐྱུར་པོའི་ཤིང་དཀྲུག་པ་དང་། རྒུན་འབྲུམ་བཏུས་ཟིན་པའི་རྒུན་དང་འདྲ་བར་ས་གཞིའི་དཀྱིལ་དུ་མི་བརྒྱུད་རྣམས་ཀྱི་ཁྲོད་ན་འབྱུང་བར་འགྱུར་བའི་ཕྱིར་རོ༎༡༤ དེ་དག་གིས་འབོད་སྒྲོག་ཅིང་གླུ་ལེན་ཞིང་། ཡ་ཧོ་ཝཱའི་ལྷན་ནེ་བའི་དོན་དུ་རྒྱ་མཚོའི་ཕྱོགས་ནས་སྐད་ཆེན་པོ་རྒྱབ་ཅིང་འདི་སྐད་དུ། ༡༥ ཤར་ཕྱོགས་ཀྱི་ཡུལ་རྣམས་ཀྱི་ནང་ན་ཡ་ཧོ་ཝཱ་དང་། རྒྱ་མཚོའི་གླིང་ཕྲན་རྣམས་ཀྱི་ནང་ན་ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱའི་མཚན་ལ་སྟོད་པར་གྱིས་ཤིག་ཅེས་སྨྲ་བར་འགྱུར། ༡༦ སའི་མཐའ་མ་ནས་ཆོས་དྲང་པོ་རྣམས་ལ་དཔལ་ཟེར་བའི་གླུ་སྐད་ལྷང་ལྷང་ངེད་ཀྱིས་ཐོས། འོན་ཀྱང་ངས། བདག་གི་ཉོན་མོངས་པ་ལ། ཧའི། ང་ལ། ལོག་པར་ཅན་དག་གིས་ལོག་པར་བྱེད་དོ། འོ་ན། ལོག་པར་ཅན་གྱིས་ཤིན་ཏུ་ལོག་པར་བྱེད་དོ། ༡༧ ཀྱེ་མི་ཡུལ་པ་རྣམས། ཁྱོད་ཀྱི་ཐོག་ཏུ་འཇིགས་པ་དང་དོང་དང་ཞགས་པ་གདའོ། ༡༨ དེ་ནས་གང་ཡང་འཇིགས་པའི་སྐད་ཐོས་ནས་བྲོས་པ་དེ་དོང་ནང་ལྟུང་བར་འགྱུར། ཡང་གང་ཡང་དོང་གི་ནང་ནས་ཐོན་པ་དེ་ཞགས་པའི་ནང་དུ་འཚུད་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། སྟེང་གི་དཀར་ཁུང་དག་བྱེ་སྟེ། ས་གཞིའི་རྨངས་རྣམས་གཡོ་བའི་ཕྱིར་རོ། ༡༩ ཡང་ས་གཞི་ཀུན་ནས་བཞིག ས་གཞི་ཡོངས་སུ་ཆག ས་རབ་ཏུ་གཡོས། ༢༠ ཆང་གིས་བཟིས་པའི་མི་དང་འདྲ་བར་ས་གཞི་འཁྱོར་ཞིང་། སྤྱིལ་པོ་དང་འདྲ་བར་སྐྱོད་དེ། དེའི་ཐོག་ཏུ་རང་གི་ཉེས་སྡིག་ལྕིར་སོང་སྟེ་ལྷུང་ནས། སླར་ལྡང་བར་མི་འགྱུར་རོ༎
༢༡ དེ་ནས་ཉིན་མོ་དེར་ཡ་ཧོ་ཝཱས་མཐོ་སར་ཡོད་པའི་མཐོ་མཐོ་རྣམས་ཀྱི་དཔུང་ཚོགས་དང་། ས་སྟེང་དུ་སའི་རྒྱལ་པོ་རྣམས་ལ་ཆད་པས་གཅད་དེ། ༢༢ བཙོན་དོང་གི་ནང་དུ་བཙོན་པ་སོག་པ་ལྟར་དུ་དེ་དག་བསག་ཅིང་། བཙོན་ཁང་གི་ནང་དུ་བཅུག་སྟེ། ཞག་མང་པོའི་རྗེས་སུ་དེ་དག་ལ་ཆད་པས་གཅོད་པར་འགྱུར། ༢༣ དཔུང་ཆེན་གྱི་ཡ་ཧོ་ཝཱས་རི་བོ་ཙི་ཨོན་དང་། ཡེ་རུ་ཤ་ལེམ་གྱི་ནང་དུ་རང་ཉིད་ཀྱི་རྒན་པོ་རྣམས་ཀྱི་མདུན་དུ་གཟི་བརྗིད་དང་བཅས་སུ་སྲིད་སྐྱོང་དུས་སུ་ཟླ་བ་སྐྱེངས་ཏེ། ཉི་མ་ངོ་ཚ་བར་འགྱུར་རོ༎