༢༣
ཚོར་གྱི་དོན་དུ་ལུང་བསྟན་ནི། ཀྱེ་ཐར་ཤིས་ཀྱི་གྲུ་རྣམས་ངུ་འབོད་ཐོང་ཞིག གང་ལ་ཞེ་ན། དེ་ནི་སྟོངས་ནས་དེར་ཁང་པའམ་འཇུག་པའི་གནས་གང་ཡང་མེད། ཅེས་པའི་འཕྲིན་དེ་ཚོ་ལ་ཀི་ཐིམ་ཡུལ་ནས་ཐོས་སོ། ༢ རྒྱ་མཚོའི་ཕ་རོལ་དུ་འགྲོ་བའི་ཚི་དོན་གྱི་ཚོང་པ་དག་གིས་གང་བའི། ཀྱེ་གླིང་ཕྲན་དེའི་མི་རྣམས་ཁ་ཚུམ་ཞིག ༣ ཆུ་ཆེན་པོ་རྣམས་ཀྱི་སྟེང་ནས་བསླེབ་པའི་སི་ཧོར་གྱི་འབྲུ་དང་། གཙང་པོའི་སྟོན་ཐོག་དེའི་ཡོང་སྒོ་ཡོད་ཅིང་། མི་བརྒྱུད་ཀྱི་འཚོང་ས་ཡོད་པ་ཡིན། ༤ ཀྱེ་ཚི་དོན། ངོ་ཚ་ཞིག གང་ལ་ཞེ་ན། རྒྱ་མཚོ་དང་རྒྱ་མཚོའི་སྟོབས་ཀྱིས་འདི་སྐད་དུ། བདག་ལ་སྐྱེ་ཟུག་ཀྱང་མ་བྱུང་། བུ་ཡང་མ་བཙས། ངས་ན་གཞོན་ཡང་མ་བསོས། ན་ཆུང་ཡང་མ་བསྐྱངས་སོ། ཞེས་སྨྲས་སོ། ༥ མི་སེར་གྱི་གནས་ཚུལ་གྱིས་སེམས་འཁྲུགས་པ་ལྟར། ཚོར་གྱི་གནས་ཚུལ་གྱིས་ཀྱང་སེམས་རབ་ཏུ་འཁྲུག་པར་འགྱུར།༦ ཀྱེ་གླིང་ཕྲན་དེའི་མི་རྣམས། ངུ་འབོད་འདོན་བཞིན་ཕ་རོལ་དུ་ཐར་ཤིས་ལ་སོང་ཞིག ༧ སྔོན་དུས་ནས་གདན་གཞི་རྙིང་པ་ཡོད་པ་འདི་ནི་ཁྱོད་ཅག་གི་ཡུལ་སྐྱིད་པོ་དང་། རྒྱང་རིང་པོར་གཞིས་ཆགས་པའི་ཕྱིར་རང་གི་རྐང་པས་ཁྱེར་པ་དེ་རང་ཡིན་ནམ།
༨ ཚོར་འདི་ནི། ཅོད་པན་གྱི་གསོལ་རས་བཏང་མཁན་དང་། གང་གི་ཚོང་པ་རྣམས་སྐུ་དྲག་དང་ཚོང་དཔོན་རྣམས་འཇིག་རྟེན་གྱི་ནང་ན་ཞེ་ས་དང་ལྡན་པ་ཡོད་པ་ཡིན། དེ་ལ་གནོད་པའི་གྲོས་འདི་སུས་བརྩམས། ༩ འཇིག་རྟེན་གྱི་ཞེ་ས་ཅན་ཐམས་ཅད་ལ་དམའ་འབེབས་སུ། དེའི་དཔལ་ཀུན་གྱི་ང་རྒྱལ་ནོགས་པར་མཛད་དེ། དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་ཐུགས་སུ་དམིགས་པ་ལགས་སོ༎
༡༠ ཀྱེ་ཐར་ཤིས་ཀྱི་བུ་མོ། ད་ཆུ་རགས་གང་ཡང་མེད་པས། ཁྱོད་ཆུ་བོ་ལྟར་རང་གི་ཡུལ་ནང་རྒྱུགས་ཤིག ༡༡ རྒྱ་མཚོའི་སྟེང་དུ་ཕྱག་བརྐྱངས་ཏེ། རྒྱལ་ཁམས་རྣམས་དཀྲུགས་ཤིང་། ཡ་ཧོ་ཝཱས་ཚོང་པའི་གྲོང་ཁྱེར་གྱི་རྫོང་རྣམས་འཇོམས་པའི་ཕྱིར་བཀའ་བཀོད་ཟིན་ཏོ། ༡༢ ཡང་ཁོང་གིས། ཀྱེ་ཁྲེལ་འབུད་པར་གྱུར་པའི་ཚི་དོན་གྱི་བུ་མོ་ན་ཆུང་ཁྱོད། སླར་ཡི་རང་བར་མི་འགྱུར། ད་ལོངས་ལ་ཕ་རོལ་དུ་ཀི་ཐིམ་ལ་སོང་ཞིག དེར་ཡང་ཁྱོད་ལ་སྐྱིད་པོ་མི་འབྱུང་། ༡༣ ཀལ་དཱི་པའི་ཡུལ་ལ་ལྟོས་ཤིག མི་བརྒྱུད་འདི་མ་ལུས། ཨ་སུར་པས་དེ་ནི་འབྲོག་སྟོང་ན་གནས་པའི་གཅན་གཟན་གྱི་ཟ་སྐལ་དུ་བྱས་ཏེ། དེ་དག་གིས་དེར་རང་གི་སྤེའུ་རྣམས་བཞེངས། དེའི་ཁབ་རྣམས་བཤིག ཁོང་གིས་དེ་ཡུལ་གོག་ཏུ་མཛད། ༡༤ ཀྱེ་ཐར་ཤིས་ཀྱི་གྲུ་གཟིང་རྣམས། ངུ་འབོད་ཐོང་ཞིག ཅི་ལ་ཟེར་ན། ཁྱོད་ཀྱི་རྫོང་བཙན་པོ་ནི་སྟོངས་ཟིན་པས་སོ༎
༡༥ ཡང་ཉིན་མོ་དེའི་ནང་དུ་ཚོར་ནི་རྒྱལ་པོ་གཅིག་གི་ཞག་རྣམས་དང་མཚུངས་པའི་ལོ་བདུན་ཅུའི་བར་དུ་བརྗེད་པར་འགྱུར། ལོ་བདུན་ཅུའི་རྗེས་སུ་སྨད་འཚོང་མའི་གླུ་བཞིན་དུ་འགྱུར་རོ། ༡༦ ཀྱེ་བརྗེད་པར་གྱུར་པའི་སྨད་འཚོང་མ། ཁྱོད་དྲན་པའི་ཆེད་དུ་པི་ཝང་ཐོགས་ཏེ། གྲོང་ཁྱེར་གྱི་ནང་དུ་རྒྱུ་བར་བྱོས། དབྱངས་སྙན་བྱེད་ཅིང་། གླུ་མང་ལེན། ༡༧ དེ་ནས་ལོ་བདུན་ཅུ་དེའི་འོག་ཏུ་འདི་ལྟར་འབྱུང་བར་འགྱུར། ཡ་ཧོ་ཝཱ་ཚོར་ལ་གཟིགས་སུ་འབྱོན་པར་འགྱུར་བ་དང་། མོ་གླ་འབད་དུ་ཞུགས་ཤིང་། སའི་ངོས་ལ་ཡོད་པའི་རྒྱལ་སྲིད་ཀུན་དང་ལྷན་ཅིག་ཏུ་ལོག་པར་གཡེམ་པར་བྱའི། ༡༨ མོའི་ཚོང་ཟོག་དང་གླ་ནི་ཡ་ཧོ་ཝཱའི་ཕྱིར་དམ་པར་འགྱུར་ཞིང་། དེའི་ནོར་སོག་པར་ཡང་མི་འགྱུར། སྲི་བར་ཡང་མི་བྱ། དེ་ཅིའི་ཕྱིར་ཞེ་ན། དེའི་ཚོང་ཟོག་ནི་ཡ་ཧོ་ཝཱའི་སྤྱན་སྔར་འཁོད་པ་དག་གིས་འགྲང་བར་ཟ་བ་དང་། ཐུ་བ་ཆེ་བའི་གོས་གྱོན་པའི་དོན་དུ་འགྱུར་བར་འགྱུར་རོ༎