༢༢
གཟིགས་སྣང་གི་ལུང་པའི་དོན་དུ་ལུང་བསྟན་ནི། ཁྱིམ་གྱི་ཐོག་རྣམས་སུ་ཁྱོད་འཛེགས་པ་ཐམས་ཅད་ལ། ད་ཁྱོད་ལ་ཅི་སོང་། ༢ ཁྱོད་ནི་ཀུ་སྒྲ་དང་འདུ་འཛིས་གང་བའི་གྲོང་ཁྱེར་དང་། བདེ་སྐྱིད་ཀྱི་གྲོང་ལགས་མོད། ཁྱོད་ཀྱི་བཀུམ་པར་གྱུར་པའི་མི་རྣམས་རལ་གྲིས་ཀྱང་མ་བསད། འཐབ་མོའི་ནང་དུ་ཡང་མ་ཤི་ནའང་། ༣ ཁྱོད་ཀྱི་དཔོན་པོ་ཀུན་ལྷན་ཅིག་ཏུ་བྲོས་སོང་། མདའ་མ་བརྒྱབ་པར་དེ་དག་བཟུང་བྱུང་། ཁྱོད་ཀྱི་ནང་ན་བརྙེད་ཚད་རྒྱང་རིང་བྲོས་ཀྱང་བཟུང་ནས་ཁྱེར་རོ། ༤ དེའི་ཕྱིར་ངས་སྨྲས་པ། ང་ལ་མ་ལྟ་ཞིག ངའི་མི་བརྒྱུད་ཀྱི་བུ་མོ་བརླགས་པར་གྱུར་པའི་རྐྱེན་གྱིས་བདག་རབ་ཏུ་ངུ་བར་བྱ། བདག་གི་སེམས་གསོ་བར་མ་སྙེགས་ཤིག༥ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་གྱི་ཡ་ཧོ་ཝཱ་དཀོན་མཆོག་གི་ཕྱོགས་ལས་ཞག་འདི་ནི། སྡུག་བསྔལ་དང་། རྡོག་པས་རྫི་བ་དང་། གཟིགས་སྣང་གི་ལུང་པར་དངང་སྐྲག་པ་དང་། ལྕགས་རི་རྣམས་རློག་ཅིང་། རི་རྣམས་ཀྱི་བར་དུ་ངུ་སྐད་འདོན་པའི་ཞག་ཅིག་ཡིན་པའི་ཕྱིར་རོ། ༦ ཨེ་ལམ་གྱིས་མདའ་དོང་ཐོགས་ཏེ། མིས་གང་བའི་ཤིང་རྟ་འཁོར་ལོ་དང་རྟ་པ་བཅས་ཡོད་པ་ཡིན། ཀིར་གྱིས་ཤུབས་ལས་ཕུབ་ཀྱང་བཏོན་པ་དང་། ༧ ཁྱོད་ཀྱི་ལུང་པ་བཟང་ཤོས་དག་ཤིང་རྟས་གང་། རྒྱ་སྒོའི་དྲུང་དུ་ཡང་རྟ་པ་དག་དམག་གྲལ་དུ་བསྒྲིགས།
༨ ཡང་ཁོས་ཡ་ཧུ་དཱའི་ཁེབས་ཐེན་པས། དེའི་དུས་སུ་ཁྱོད་ཀྱིས་ནགས་ཀྱི་ཁྱིམ་གྱི་མཚོན་ཆ་ལ་བལྟས་སོ། ༩ དེ་ནས་ཁྱོད་ཀྱིས་དཱ་བིད་ཀྱི་གྲོང་ཁྱེར་གྱི་བུག་པ་གྲངས་མེད་པ་ཡང་མཐོང་སྟེ། རྫིང་འོག་མའི་ཆུ་རྣམས་གཅིག་ཏུ་བསྡུས་ཏེ། ༡༠ ཡེ་རུ་ཤ་ལེམ་གྱི་ཁྱིམ་གྱི་གྲངས་བགྲང་སྟེ། ལྕགས་རི་བརྟན་པར་བྱེད་དུ་ཁང་པ་དག་བཤིག་ནས། ༡༡ རྫིང་རྙིང་པའི་ཆུའི་ཕྱིར་དུ་ལྕགས་རི་གཉིས་པོའི་བར་ན་ས་དོང་འབྲུ་བར་བྱས་ཀྱང་། ཁྱོད་ཀྱིས་དེའི་མཛད་པོ་ལ་ཡང་མ་བལྟས། སྔ་མ་ནས་དེའི་གྲལ་བྱས་པ་ལ་ཡང་བཀུར་སྟི་མ་བྱས་སོ༎
༡༢ དེ་ལྟར་བྱས་ཚེ་དཔུང་ཆེན་གྱི་ཡ་ཧོ་ཝཱ་དཀོན་མཆོག་གིས་ཉིན་མོ་དེ་ཀ་རང་དུ་ངུ་བ་དང་། མྱ་ངན་བྱེད་པ་དང་། སྐྲ་བཞར་བ་དང་། སྡུག་གོས་ཀྱིས་གཡོག་པའི་བཀའ་བསྒོ་བ་ཡིན་གྱི། ༡༣ ལྟོས་ཤིག སྐྱིད་སྐྱིད་དང་། དགའ་མགུ་དང་། གླང་གསོད་པ་དང་། ར་ལུག་གསོད་པ་དང་། ཤ་ཟ་བ་དང་། རྒུན་ཆང་འཐུང་ཞིང་། སང་ངེད་ཅག་འཆི་བར་འགྱུར་བས། ད་ཟོས་ཤིག འཐུང་ཞིག ཅེས་སྨྲ་བ་ཡོད་དོ། ༡༤ དེ་ནས་དཔུང་ཆེན་གྱི་ཡ་ཧོ་ཝཱས་ངའི་རྣ་བར་འདི་སྐད་དུ། ཁྱོད་མ་འཆི་བའི་བར་དུ་ཁྱོད་ཀྱི་ཉེས་སྡིག་འདི་རྩ་བ་ནས་འདག་པར་མི་འགྱུར། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎
༡༥ དཔུང་ཆེན་གྱི་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། ད་སོང་ལ། མཁར་དཔོན་དུ་ཡོད་པའི་ཤེབ་ནཱ་ཕྱག་མཛོད་ཀྱི་རྩར་སོང་ནས་དེ་ལ། ༡༦ འདི་ན་ཁྱོད་ལ་ཅི་ཡོད། འདི་ན་ཁྱོད་ཀྱི་སུ་ཡོད། ཁྱོད་ཀྱིས་འདིར་རང་ལ་རོ་ཁང་འབྲུ་བར་བྱེད་པ་དེ་ཅི་ཡིན། དེས་མཐོ་སར་རང་གི་རོ་ཁང་འབྲུ་ཞིང་། བྲག་གི་ནང་དུ་རང་ལ་སྡོད་གནས་འབྲུ་བར་བྱེད། ༡༧ ཀྱེ་སྟོབས་ལྡན་གྱི་མི། ཡ་ཧོ་ཝཱས་ཁྱོད་དྲག་ཏུ་བརྡབ་སྟེ། དམ་དུ་འཛིན་ཞིང་། ༡༨ ཁོང་གིས་ཁྱོད་དབྱུག་རྡོའི་རྡེའུ་ལྟར་བསྐོར་ནས་ཡུལ་ཡངས་པོ་ཞིག་གི་ནང་དུ་འཕེན་པར་འགྱུར། ཁྱོད་དེར་ཤི་སྟེ། ཁྱོད་ཀྱི་དཔལ་གྱི་ཤིང་རྟ་རྣམས་དེར་སླེབ་པར་འགྱུར། ཁྱོད་ནི་རང་གི་གཙོ་བོའི་ཁྱིམ་གྱི་ཞབས་འདྲེན་ལགས་སོ། ༡༩ ཡང་ངས་ཁྱོད་ལས་ཚན་ལས་བཏོན་ཏེ། རང་གི་གོ་ས་ལས་དྲུད་དེ་ཁྱོད་ཐུར་དུ་འབེབས་པར་འགྱུར་རོ༎
༢༠ དེ་ནས་ཅི་འབྱུང་འོང་ཞེ་ན། དུས་དེར་ངས་རང་གི་བྲན་པོ་ཧིལ་ཀི་ཡཱའི་བུ་ཨེལ་ཡཱ་ཀིམ་ལ་བོས་ཏེ། ༢༡ ཁྱོད་ཀྱི་གོས་དེ་ཁོ་ལ་བསྐོན་ནས། ཁྱོད་ཀྱི་སྐ་རགས་དེ་ཡང་ཁོ་ལ་དཀྲི་སྟེ། ཁྱོད་ཀྱི་དབང་ཐང་ཡང་དེའི་ལག་ཏུ་གཏོད་པར་བྱ་བ་དང་། ཁོ་ནི་ཡེ་རུ་ཤ་ལེམ་པ་དང་ཡ་ཧུ་དཱའི་བུ་བརྒྱུད་ཀྱི་ཕ་རུ་འགྱུར་བར་འགྱུར། ༢༢ ཡང་ངས་དཱ་བིད་ཁྱིམ་གྱི་ལྡེ་མིག་ནི་ཁོའི་དཔུང་པར་བཞག དེས་ཕྱེས་པ་དེ་སུས་ཀྱང་གཅོད་པར་མི་འགྱུར། དེས་བཅད་པ་དེ་སུས་ཀྱང་འབྱེད་པར་མི་འགྱུར་རོ། ༢༣ ངས་དེ་ཕུར་པ་ལྟར་བརྟན་པའི་གནས་སུ་འཛུགས་པར་བྱ་བ་དང་། དེ་ནི་རང་གི་ཕའི་ཁྱིམ་གྱི་ཕྱིར་དཔལ་དང་ལྡན་པའི་རྒྱལ་ཁྲིར་འགྱུར་བར་འགྱུར། ༢༤ དེའི་ཕའི་ཁྱིམ་གྱི་དཔལ་ཐམས་ཅད། ཞེས་ན། ཡན་ལག་དང་ཉིང་ལག ཕོར་པ་ནས་བུམ་པའི་བར་གྱི་ཡོ་བྱད་ཆུང་ཆུང་ཐམས་ཅད་ནས་བཟུང་སྟེ། ཐམས་ཅད་དེའི་ཁར་འདོགས་པར་འགྱུར།
༢༥ ཉིན་མོ་དེར། དཔུང་ཆེན་གྱི་ཡ་ཧོ་ཝཱའི་གསུང་ལྟར། བརྟན་སར་བཙུགས་པའི་ཕུར་པ་དེ་བསྒུལ་ཏེ། བཅད་དེ། འགྱེལ་བར་འགྱུར་བ་དང་། དེའི་སྟེང་ན་ཡོད་པའི་ཁལ་དེ་ལྟུང་བར་འགྱུར་རོ། དེ་བཞིན་ཡ་ཧོ་ཝཱས་གསུངས་པས། དེ་ལྟར་འགྱུར་བར་འགྱུར་རོ༎