༢༠
ཨ་སུར་གྱི་རྒྱལ་པོ་སར་གོན་བྱ་བས་ཏར་ཏན་ནམ་དམག་དཔོན་ཆེན་པོ་དེ་ཨས་དོད་དུ་བཏང་ནས། ཨས་དོད་ལ་འཐབ་ནས་བླངས་པའི་ལོ་དང་། ༢ དུས་མཚུངས་པར་ཡ་ཧོ་ཝཱས་ཨ་མོས་ཀྱི་བུ་ཡེ་ཤ་ཡཱའི་ངག་གི་སྒོ་ནས་འདི་སྐད་དུ། སོང་ལ། ཁྱོད་ཀྱི་རྐེད་པ་ལས་རྩྭ་ཕད་བཀྲོལ་ཏེ། རྐང་པ་ལས་ལྷམ་ཡང་ཕུད་ཅིག་གསུངས་པ་དང་། དེས་དེ་བཞིན་དུ་བྱས་ཏེ། གཅེར་བུ་དང་རྐང་རྗེན་དུ་རྒྱུ་བར་བྱས་པ་དང་། ༣ ཡ་ཧོ་ཝཱས་འདི་སྐད་གསུང་། ཇི་ལྟར་མི་སེར་པ་དང་ཀུས་པ་ལ་རྟགས་དང་ངོ་མཚར་ཆེ་བའི་ཆེད་དུ། ངའི་བྲན་པོ་ཡེ་ཤ་ཡཱ་ལོ་གསུམ་གཅེར་བུ་དང་རྐང་རྗེན་ལ་འགྲུལ་བ་དང་འདྲ་བར། ༤ ཨ་སུར་གྱི་རྒྱལ་པོས་མི་སེར་པ་རྣམས་བཀྱིག་སྟེ། ཀུས་པ་རྣམས་དགར་ཏེ། དེ་དག་རྒན་གཞོན་མེད་པར་གཅེར་བུ་དང་རྐང་རྗེན་དུ་འཕོང་ཚོས་ལའང་ཁེབས་མེད་པར། མི་སེར་པའི་ངོ་ལོ་འཆར་བའི་ཕྱིར་དུ་འཁྱེར་བར་འགྱུར་བ་དང་། ༥ དེ་དག་གི་རེ་ལྟོས་ཀྱི་གནས་ཀུས་དང་། ངོམ་ས་མི་སེར་གྱི་རྐྱེན་གྱིས་དངང་སྐྲག་ཅིང་ངོ་ཚ་བར་འགྱུར། ༦ ཡང་ཞག་དེར་ཡུལ་འདིའི་འཁོར་ལ་གནས་པའི་མི་རྣམས་ཀྱིས། ལྟོས་ཤིག ངེད་ཀྱི་རེ་ལྟོས་ཀྱི་གནས་ལ་དེ་འདྲ་སོང་བས། ད་ངེད་ཅག་ཨ་སུར་གྱི་རྒྱལ་པོ་ལས་ཐར་བའི་དོན་དུ་གར་འབྲོས་པར་བྱ། ཇི་ལྟར་ངེད་ཐར་བར་སྲིད། ཅེས་སྨྲ་བར་འགྱུར་རོ༎