༡༨
ཧའེ་ཧའེ། ཀུས་ཀྱི་གཙང་པོ་རྣམས་ཀྱི་ཕ་རོལ་ན་ཡོད་པའི་ཤོག་པ་འཁྲབ་པའི་ཡུལ།  དེ་དག་གིས་མཚོའི་ལམ་ནས་ཆུ་ཐོག་ནས་སྨྱུག་ཤིང་གི་གྲུ་ནང་ཕོ་ཉ་རྫོང་ཞིང་དེ་དག་ལ། ཀྱེ་རྐང་མགྱོགས་ཀྱི་ཕོ་ཉ་རྣམས། སྒོ་མཐོ་ལ། ཤ་འཇམ་པ། སྔར་ནས་ད་བར་དུ་འཇིགས་སུ་རུང་བའི་མི་སྡེ། གཙང་པོ་རྣམས་ཀྱིས་བར་ཕྱེས་ནས་ཡོད་པའི་ཡུལ། ཤུགས་ཆེ་ལ་འཐག་པར་བྱེད་པའི་མི་བརྒྱུད་དེའི་དྲུང་དུ་སོང་ཞིག  ཀྱེ་འཇིག་རྟེན་ན་གནས་པ་ཐམས་ཅད་དང་། ས་གཞི་ལ་ཡོད་པ་རྣམས། རི་བོ་རྣམས་ཀྱི་ཐོག་ཏུ་དར་ཆེན་སྒྲེང་བའི་དུས་སུ་ལྟོས་ཤིག་དང་། རྒྱ་དུང་འབུད་པའི་ཚེ་ན་ཉོན་ཞིག
 དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་བདག་ལ་འདི་སྐད་དུ། ཉི་མའི་ཟེར་འཇམ་པ་ལྟར་དུའམ། བཙའ་མའི་དུས་ཀྱི་ཚད་པའི་ནང་ཟིལ་པ་ཡོད་པའི་སྤྲིན་ལྟར་དུ། ཉིད་ཀྱི་བཞུགས་གནས་ཀྱི་ནང་ནས་ཐུགས་ལྷོད་ཀྱིས་གཟིགས་པར་བྱའོ།  བཙའ་མའི་སྔོན་དུ་མེ་ཏོག་ཡོལ་ནས། མེ་ཏོག་གི་མལ་དུ་རྒུན་འབྲུམ་སྨིན་ཉེ་བའི་ཚེ་ན། ཁོང་གིས་དེའི་ལྕུག་མ་དག་ཟོར་བས་བཅད་དེ། ཡལ་ག་དག་བཏུབ་ནས་འཁྱེར་བར་འགྱུར་རོ།  དེ་ནི་རི་གའི་འདབ་ཆགས་དང་། སའི་དུད་འགྲོ་དག་གི་ཕྱིར་དུ་ལུས་ཏེ། དབྱར་ཀ་དེའི་ཁར་འདབ་ཆགས་སྡོད་ཅིང་། དགུན་ཁ་སའི་དུད་འགྲོ་དག་དེར་གནས་པར་འགྱུར།
 དེའི་ཚེ་སྒོ་མཐོ་ལ། ཤ་འཇམ་པ། སྔར་ནས་ད་བར་དུ་འཇིགས་སུ་རུང་བའི་མི་སྡེ། གཙང་པོ་རྣམས་ཀྱིས་བར་ཕྱེས་ནས་ཡོད་པའི་ཡུལ། ཤུགས་ཆེ་ལ་འཐག་པར་བྱེད་པའི་མི་བརྒྱུད། དེའི་ཕྱོགས་ནས་དཔུང་ཆེན་གྱི་ཡ་ཧོ་ཝཱ་ལ། དཔུང་ཆེན་གྱི་ཡ་ཧོ་ཝཱའི་མཚན་དང་ལྡན་པའི་རི་བོ་ཙི་ཨོན་གྱི་ཕོ་བྲང་དུ་ཕྱག་སྨན་སྐྱེལ་བར་འགྱུར་རོ༎