༡༧
ད་མཱ་སེག་གི་དོན་དུ་ལུང་བསྟན་ནི། ཀྱེ་ཧོ། ད་མཱ་སེག་ནི་གྲོང་ཁྱེར་དུ་མི་ལུས་པའི་ཕྱིར། ཡུལ་གོག་གི་ཕུང་པོར་འགྱུར་འོང་། ༢ ཨ་རོ་ཨེར་གྱི་གྲོང་ཁྱེར་རྣམས་སྟོང་པར་འགྱུར་ཏེ། སུས་ཀྱང་དཀྲོག་པར་མི་འགྱུར་བའི་ཁྱུ་དག་ཉལ་བའི་གནས་སུ་འགྱུར་འོང་། ༣ ཨེབ་ར་ཨིམ་གྱི་རྫོང་ཡང་མེད་པར་འགྱུར། ད་མཱ་སེག་དང་ཨ་རམ་པ་ལྷག་མ་ལས་རྒྱལ་སྲིད་བུད་དེ། ཨིས་ར་ཨེལ་གྱི་དཔལ་ལ་གྱུར་པ་ལྟར་དེ་དག་ལའང་འབྱུང་བར་འགྱུར་རོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎༤ ཉིན་མོ་དེར་ཡ་ཀོབ་ཀྱི་དཔལ་བྲིས་ཏེ། དེའི་ཤ་རྒྱགས་པ་ནི་རིད་པར་འགྱུར། ༥ བྱ་བ་དེ་ནི་སུ་ཞིག་གིས་ཞིང་རྔ་ཞིང་ལག་པས་སྙེ་མ་སྒྲུག་པ་ལྟར་དུའམ། རེ་ཕ་ཨིམ་ལུང་པ་ན་སྙེ་མ་འཐུ་བ་དང་འདྲ་བར་འབྱུང་བར་འགྱུར་རོ། ༦ དེ་ནས་ཀྱང་ཁ་སྐྱུར་པོའི་ཤིང་སྤྲུག་དུས་སུ་ཡང་རྩེར་འབྲས་བུ་གཉིས་གསུམ་མམ། འབྲས་བུ་ཅན་གྱི་སྐྱེ་ཤིང་གི་ཡལ་ག་རབ་ཏུ་རྒྱས་པ་ལ་བཞི་ལྔ་ཞིག་ལུས་པ་བཞིན་དུ། དེའི་ཁར་ཡང་སྒྲུག་རྒྱུའི་རྒུན་འབྲུམ་ཅུང་ཟད་ཅིག་ལུས་པར་འགྱུར། ཞེས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་གསུང་ངོ་༎
༧ ཉིན་མོ་དེར་མིས་རང་གི་མཛད་པོའི་ཕྱོགས་སུ་མིག་སྒྱུར་ཞིང་། ཨིས་ར་ཨེལ་གྱི་དམ་པ་ཉིད་ལ་བལྟ་བར་འགྱུར། ༨ རང་གི་ལག་པས་བཟོས་པའི་མཆོད་ཁྲི་རྣམས་ལ་མི་བལྟ། རང་གི་མཛུབ་མོའི་བཟོ་ལས་སམ། ཨ་ཤེ་རིམ་དང་ཉི་མའི་སྐུ་གང་ལའང་ལྟ་བར་མི་འགྱུར་རོ༎
༩ ཇི་ལྟར་ཨིས་ར་ཨེལ་གྱི་མདུན་དུ་ཨ་མོར་པ་དང་ཧི་ཝི་པའི་གྲོང་ཁྱེར་རྣམས་སྟོངས་པ་བཞིན་དུ། ཉིན་མོ་དེར་དེ་དག་གི་གྲོང་ཁྱེར་བཙན་པོ་དག་ལའང་འབྱུང་ཞིང་སྟོང་པར་འགྱུར་འོང་། ༡༠ དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་རང་གི་ཐར་པའི་དཀོན་མཆོག་དེ་བརྗེད་དེ། རང་གི་མཐུ་སྟོབས་ཀྱི་བྲག་དེ་ཡིད་ལ་མ་དྲན་པའི་ཕྱིར་རོ། དེའང་ཁྱོད་ཀྱི་སྡུག་པའི་སྐྱེད་ཚལ་ནང་ཕྱི་པའི་ལག་ཚུགས་བཙུག་སྟེ། ༡༡ དེའི་དུས་སུ་ཁྱོད་ཀྱིས་ལག་ཚུགས་དེ་བསྐྱོར་ནས། སྔ་དྲོར་ཁྱོད་ཀྱིས་བཏབ་པ་ལ་མེ་ཏོག་འབར་བར་བྱས་མོད། དེའི་སྟོན་ཐོག་ནི་སྡུག་བསྔལ་དང་མྱ་ངན་ཆེན་པོའི་ཉིན་མོར་ཡལ་བར་འགྱུར།
༡༢ ཧའེ་ཧའེ། རྒྱ་མཚོའི་ལྡིར་འདྲ་ལྟ་བུའི་འུར་སྒྲ་བྱེད་པའི་མི་སྡེ་མང་པོའི་ཀུ་སྒྲ་དང་། ཆུ་དྲག་པོ་རྣམས་ཀྱི་སྐད་དང་འདྲ་བའི་ཅ་ཅོ་བྱེད་པའི་མི་བརྒྱུད་རྣམས། ༡༣ མི་བརྒྱུད་རྣམས་ཀྱིས་ཆུ་མང་པོ་དང་འདྲ་བའི་ང་རོ་སྒྲོག་གི། ཁོང་གི་དེ་དག་ལ་བཀའ་བཀྱོན་པར་བྱ་བས། དེ་དག་རྒྱང་རིང་པོར་བྲོས་ཏེ། རླུང་དྲག་པོས་རིའི་སོག་མ་དང་། སྐོར་རླུང་གི་རྡུལ་ལྟར་དུ་འཁྱེར་བར་འགྱུར། ༡༤ ཡང་ཀྱེ་ཧོ། དགོངས་མོར་འཇིགས་པ་དང་། ནམ་མ་ལངས་པའི་གོང་དུ་དེ་རྣམས་མེད་དོ། འདི་ནི་ངེད་ཅག་འཛོམས་པར་བྱེད་པ་དག་གི་སྐལ་བ་དང་། ངེད་ཅག་འཕྲོག་པ་རྣམས་ཀྱི་ཟ་སྐལ་ཡིན་ནོ༎