༡༦
ཁྱོད་ཀྱིས་སེ་ལཱ་ནས་འབྲོག་སྟོང་གི་ལམ་རྒྱུད་ནས་ཙི་ཨོན་གྱི་བུ་མོའི་རི་བོར། ཡུལ་གྱི་མངའ་བདག་ལ་ལུ་གུ་རྣམས་རྫོང་བར་བྱོས་ཤིག ༢ དེ་ཅིའི་ཕྱིར་ཞེ་ན། ཚང་གི་ནང་ནས་ཕྱུང་བའི་བྱ་འཁྱམ་ཇི་བཞིན་དུ། མོ་ཨབ་ཀྱི་བུ་མོ་རྣམས་ལ་ཨར་ནོན་གྱི་ཆུའི་རབས་ཁར་འབྱུང་བར་འགྱུར། ༣ གྲོས་བྱོས་ཤིག གཤགས་ཀྱི་ཁྲིམས་ཐག་ཆོད་ཅིག ཉིན་གུང་ལ་རང་གི་གྲིབ་མ་མཚན་མོ་ཁོ་ན་བཞིན་རྒྱས་སུ་ཆུག བསྐྲད་པ་དག་སྦོས་ཤིག འབྲོས་འོང་བ་རྣམས་མ་སྟོན་ཞིག ༤ ངས་མོ་ཨབ་ནས་སྤྱུགས་པ་དག་ཁྱོད་དང་མཉམ་དུ་སྡོད་དུ་ཆུག ཁྱོད་ཀྱིས་དེ་དག་འཇིག་བྱེད་དག་གི་ངོ་ལས་སྦོས་ཤིག དེ་ཅིའི་ཕྱིར་ཞེ་ན། སྡུག་པོ་སྟེར་མཁན་འཚར་ཏེ། འཇིག་བྱེད་དག་མེད་པར་གྱུར་ཏེ། རྡོག་རྫིས་བྱེད་པ་ཀུན་ཡུལ་ལས་སྣུབ་པར་འགྱུར། ༥ ཡང་རྒྱལ་ཁྲི་ནི་ཐུགས་བརྩེ་བའི་ནང་ནས་བརྟན་པར་གྱུར་ཏེ། དེའི་སྟེང་དུ་ཞལ་ཆེ་དྲང་པོར་གཅོད་པ་ཁོང་དཱ་བིད་ཀྱི་གཟིམ་གུར་གྱི་ནང་དུ་བཞུགས་ཤིང་། ཞལ་ཆེ་གཅོད་ཅིང་། ཁྲིམས་དྲང་པོའི་རྗེས་སུ་འབྲང་ཞིང་། དྲང་བ་ཉིད་ལ་སྙེགས་པར་འགྱུར་རོ༎༦ ངེད་ཅག་གིས་མོ་ཨབ་ཀྱི་ང་རྒྱལ་བྱེད་པ་དེ་ཐོས། དེ་ནི་ཤིན་ཏུ་ང་རྒྱལ་ཅན་ཏེ། དེའི་ནང་ན་རང་མཐོང་དང་རང་རྒྱལ་ཡོད་རུང་། དེའི་དོན་མེད་ཀྱི་ང་རྒྱལ་ནི་ཅིའང་མེད་པར་འགྱུར་འོང་བས། ༧ མོ་ཨབ་ཀྱིས་མོ་ཨབ་ཀྱི་དོན་དུ་ངུ་འབོད་གཏང་། ཀུན་གྱིས་ངུ་འབོད་གཏོང་བར་བྱ། ཁྱོད་ཅག་གིས་ཀིར་ཧ་རེ་ཤེད་ཀྱི་རྩིག་རྨང་རྣམས་ཀྱི་དོན་དུ་ཡོངས་སུ་སྣང་ནས་མྱ་ངན་བྱའོ། ༨ གང་ལ་ཞེ་ན། ཧེས་བོན་གྱི་ཞིང་ནི་སྐེམ། སིབ་མཱའི་རྒུན་ཤིང་དེ་ཡང་ཕྱི་པའི་ཇོ་བོ་རྣམས་ཀྱིས་བཅག་སྟེ། ཡ་ཟེར་གྱི་བར་དུ་དེའི་ལྕུ་གུ་རྣམས་ཕྱིན་ཏེ། འབྲོག་སྟོང་གི་ནང་དུ་རྒྱས་ཏེ། རྒྱ་མཚོའི་ཕ་རོལ་དུའང་ཡར་རྒྱས་ཏེ་ཕྱིན་ཏོ། ༩ དེ་བས་ན་ཡ་ཟེར་གྱི་ངུ་ལུགས་ཀྱིས་ངས་ཀྱང་སིབ་མཱའི་རྒུན་ཤིང་གི་དོན་དུ་ངུ་བར་བྱའོ། ཀྱེ་ཧེས་བོན་དང་ཨེ་ལེ་ཨ་ལེ། ངས་རང་གི་མིག་ཆུས་ཁྱོད་འཆུ་བར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་དབྱར་ཀའི་ཤིང་ཐོག་དང་འོངས་ཀྱི་ཐོག་ཏུ་འཐབ་མོའི་ཀུ་སྒྲ་བབས་ཏེ། ༡༠ བདེ་སྐྱིད་ཕྲོགས་ནས། ཞིང་ལེགས་པའི་ནང་ནས་དགའ་བ་ཡལ། རྒུན་ཚལ་ན་གླུ་དབྱངས་ཀྱང་ཆད། ཀུ་ཐེག་པ་ཡང་མེད། རྫི་མཁན་གྱིས་འཆག་གཞོང་གི་ནང་དུ་རྒུན་འབྲུམ་རྫི་བར་མི་འགྱུར། དེ་དག་གི་རྒུན་ཚལ་གྱི་ལས་གསོའི་དབྱངས་མེད་པར་བྱས་པའི་ཕྱིར་རོ། ༡༡ ངའི་རྒྱུ་མས་མོ་ཨབ་ཀྱི་དོན་དང་། ངའི་བྱང་ཁོག་གིས་ཀིར་ཧ་རེ་ཤེད་ཀྱི་དོན་དུ་པི་ཝང་དང་འདྲ་བའི་སྒྲ་འབྱིན་ནོ། ༡༢ དེ་ནས་མོ་ཨབ་རང་གི་མཐོ་གླིང་ཁར་འཛེགས་ནས། རང་དུབ་ཏུ་འཇུག་ཅིང་། རང་གི་གཙང་ཁང་ན་སྨོན་ལམ་འདེབས་སུ་འོང་ན་ཡང་། ཕན་པར་མི་འགྱུར་རོ༎