༡༥
མོ་ཨབ་སྐོར་དུ་ལུང་བསྟན་ནི། མཚན་མོར་མོ་ཨབ་ཀྱི་ཨཱར་ནི་ངེས་པར་སྟོངས་ཏེ་ཐིང་འཇམ་བྱས། མཚན་མོར་མོ་ཨབ་ཀྱི་ཀཱིར་ངེས་པར་སྟོངས་ཏེ་ཐིང་འཇམ་བྱས།  བ་ཇིད་དང་དི་བོན་གྱི་མཐོ་གླིང་རྣམས་སུ་ངུ་རུ་འཛེགས། མོ་ཨབ་ཀྱིས་ནེ་བོ་དང་མེ་དེ་བཱའི་ཕྱིར་ངུ་འབོད་གདོན། དེ་དག་ཀུན་གྱི་མགོར་སྐྲ་མེད་དེ། སྨ་ར་ཐམས་ཅད་བྲེགས་ནས་འདུག  རང་གི་ལམ་སྲང་རྣམས་ན་སྡུག་གི་སྐ་རག་དཀྲི་ཞིང་། རང་གི་ཁྱིམ་གྱི་ཐོག་དང་། ལམ་སྲང་རྣམས་ན་ངུ་འབོད་འདོན་ཞིང་། དྲག་ཏུ་ངུ་བར་བྱེད།  ཧེས་བོན་དང་ཨེ་ལེ་ཨ་ལེ་ཡིས་ཆོ་ངེས་བྱེད་པའི་སྒྲ། ཡ་ཧཱས་ཀྱི་བར་དུ་ཐོས་པར་འགྱུར། དེས་ན་མཚོན་ཐོགས་པའི་མོ་ཨབ་ཀྱི་དམག་མི་རྣམས་ངུ་སྐད་ལྷང་ལྷང་འདོན་འོང་ཞིང་། རང་གི་སྲོག་ལའང་ཚིག་པ་ཟ་བར་འགྱུར།  མོ་ཨབ་ཀྱི་ཕྱིར་ངའི་སྙིང་གིས་འོ་དོད་བྱིན། དེའི་འབྲོས་མཁན་དག་ཚོ་ཨར་བར་དུ། ཨེག་ལད་ཤེ་ལི་ཤི་ཡཱ་ཡི་བར་དུ་སླེབ་བོ། གང་ལ་ཞེ་ན། ལུ་ཧིད་ཀྱི་གྱེན་འཛེགས་ལ་ངུ་ཞིང་འཛེག ཧོ་རོ་ན་ཨིམ་གྱི་ལམ་ན་སྲོག་ཆད་པའི་ངུ་འབོད་འདོན་པར་བྱེད་དོ།  ནིམ་རིམ་གྱི་ཆུ་རྣམས་ནི་སྟོངས། སྔོ་ཚོད་ནི་བརྙིད། རྩྭ་ནི་སྐམ། སྔོ་གང་ཡང་མེད།  དེ་བས་ན་དེ་དག་ལ་རྙེད་པའི་ནོར་དང་། བསགས་ནས་བཞག་པ་རྣམས་ལྕང་མའི་གྲོག་པོའི་ཕ་རོལ་དུ་འཁྱེར་རོ།  གང་ལ་ཞེ་ན། ངུ་འཛི་ནི་མོ་ཨབ་ཀྱི་མཐའ་འཁོར་གྱི་བར་དུ་བྱུང་ནས། དེ་དག་གི་ངུ་སྐད་ཨེག་ལ་ཡིམ་གྱི་བར་དུ་དང་། ཆོ་ངེས་ནི་བེ་ཨེར་ཨེ་ལིམ་གྱི་བར་དུ་ཡང་ཕྱིན་ཏོ།  དི་མོན་གྱི་ཆུ་རྣམས་ཁྲག་གིས་ལྟེམ་གང་ཡོད་རུང་། ངས་ད་རུང་ཡང་དི་མོན་ལ་བསྣན་ཏེ། མོ་ཨབ་ནས་ཤོར་མཁན་དང་། ཡུལ་དེའི་ལྷག་ལུས་ཀྱི་ཐོག་ཏུ་སེང་གེ་ཞིག་མངག་པར་བྱའོ༎