༡༤
དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཡ་ཀོབ་ལ་ཐུགས་བརྩེ་ཞིང་། ད་དུང་ཡང་ཨིས་ར་ཨེལ་འདམས་ཏེ། དེ་དག་རང་གི་ཡུལ་དུ་བཞག་ནས། མི་ཡན་དག་འདི་དག་དང་འདྲེས་ཏེ། ཡ་ཀོབ་ཀྱི་ཁྱིམ་ལ་འབྱར་བར་འགྱུར།  དེ་ནས་མི་སྡེ་རྣམས་ཀྱིས་འདི་དག་རང་གནས་སུ་འཁུར་ཏེ་སྐྱེལ་བར་འགྱུར། ཡང་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་ཡ་ཧོ་ཝཱའི་ཡུལ་ཁམས་ཀྱི་ནང་ན་དེ་དག་ལ་དབང་ཞིང་བྲན་པོ་དང་བྲན་མོར་འཇོག་པར་འགྱུར། འདི་དག་གིས་རང་བཙོན་དུ་ཁྱེར་པ་རྣམས་བཙོན་དུ་བཟུང་སྟེ། རྔན་ཆེན་བྱས་པ་དག་ལ་སྲིད་བྱེད་པར་འགྱུར།
 ཡང་ཁྱོད་ཅག་ལ་བཀལ་བའི་སྡུག་བསྔལ་དང་། འཇིགས་པ་དང་། གཡོག་བྱེད་དཀའ་བ་རྣམས་ལས་ཡ་ཧོ་ཝཱས་ངལ་གསོ་གནང་བའི་ཉིན་མོར།  ཁྱོད་ཅག་གིས་བཱ་བེལ་གྱི་རྒྱལ་པོ་ལ་བལྟ་སྟེ་ཚིག་གཏོང་ཞིང་འདི་སྐད་ཟེར་བར་བྱ། རྔན་ཆེན་བྱེད་མཁན་ནི་ཇི་ལྟར་ཆད། གསེར་གྱི་རྒྱལ་ས་ནི་ཇི་ལྟར་ཆད།  ཡ་ཧོ་ཝཱས་མི་ངན་གྱི་དབྱུག་པ་དང་མངའ་བདག་རྣམས་ཀྱི་དབང་ཕྱུག་བཅག་པར་མཛད།  གང་རྣམས་ཞེ་ན། འཁྲོ་བཞིན་དུ་མི་རྣམས་ལ་བར་མ་ཆད་པར་བརྡུངས་པ་དང་། མི་སྡེ་དག་ལ་ཁྲོ་གཏུམ་གྱི་ངང་ནས་སྲིད་བྱེད་པ་ལས་མ་བྱོལ་བ་རྣམས་སོ།  ད་ས་གཞི་ཐམས་ཅད་སེམས་བདེ་ཞིང་ཐིང་འཇམ་སྟེ། གླུ་དབྱངས་ལེན་པ་ལ་ཞུགས།  འོ་ན། སོམ་ཤིང་རྣམས་ཁྱོད་ལ་དགའ་ཞིང་། ལི་བ་ནོན་གྱི་འགྱམ་ཤིང་རྣམས་ཀྱིས་ཁྱོད་ལ། ཁྱོད་བསྒྱེལ་ཟིན་པ་ཚུན་ཆད་དུ་བདག་ཅག་གི་ཕྱོགས་སུ་ཤིང་པ་གང་ཡང་མི་འོང་ངོ་༎
 ཁྱོད་འོང་དུས་བསུ་བར་དམྱལ་ཁམས་མཐིལ་ནས་ཁྱོད་ཕྱིར་འགུལ། དེས་ཁྱོད་ཀྱི་དོན་དུ་གཤིན་པོ་རྣམས་སའི་དཔོན་པོ་ཐམས་ཅད་དང་བཅས་སུ་སློང་བར་བྱེད་ཅིང་། མི་བརྒྱུད་རྣམས་ཀྱི་རྒྱལ་པོ་ཐམས་ཅད་ཀྱང་ཀེར་བསླངས་སོ། ༡༠ དེ་དག་ཐམས་ཅད་ཀྱིས་ཁྱོད་ལ་གཏམ་བྱེད་ཅིང་། ངེད་ལྟར་ཁྱེད་ཀྱང་རྒུད་དམ། ངེད་འདྲར་ཁྱེད་ཀྱང་སོང་ངམ་སྨྲ་བར་འགྱུར། ༡༡ ཁྱོད་ཀྱི་དཔལ་དང་། ཁྱོད་ཀྱི་སྒྲ་སྙན་གྱི་ཀུ་སྒྲ་ནི་དམྱལ་ཁམས་སུ་ཕབ། ཁྱོད་ཀྱི་འོག་ན་སྲིན་བུའི་སྟན། ཁྱོད་ཀྱི་ཁེབས་ཀྱང་འབུ་རྣམས་སོ༎
༡༢ ཀྱེ་དཔལ་འབར་བའི་ཐོ་རངས་ཀྱི་བུ། ཇི་ལྟར་ཁྱོད་ནམ་མཁའ་ལས་ལྷུང་། མི་བརྒྱུད་རྣམས་བསྐུམ་མཁན་ཁྱོད་ཇི་ལྟར་ས་ལ་རྡབས། ༡༣ ཁྱོད་ཀྱིས་ནི་རང་གི་སྙིང་ནང་ན། ང་ནམ་མཁར་འཛེག་སྟེ། དཀོན་མཆོག་གི་སྐར་མ་རྣམས་ལས་ཀྱང་ངས་རང་གི་རྒྱལ་ཁྲི་མཐོ་བར་བྱ། ཡང་ང་བྱང་གི་ས་མཐའ་རུ་ཚོགས་རའི་རི་བོར་སྡོད་པར་བྱ་སྟེ། ༡༤ བདག་སྤྲིན་རྣམས་ལས་མཐོ་བར་འཛེགས་ནས། བླ་ན་མ་མཆིས་པའི་དཀོན་མཆོག་དང་འདྲ་འདྲ་བདག་འགྱུར་འོང་ཞེས་སྨྲས་མོད།
༡༥ ཁྱོད་མར་དམྱལ་བའི་དོང་གི་གཏིང་དུ་འཕེན་པར་འགྱུར། ༡༦ ད་ཁྱོད་མཐོང་བ་ཀུན་གྱིས་ཁྱོད་ལ་ཟིར་ཞིང་ཞིབ་ཆ་ལྟ་སྟེ། འདི་ནི་ས་གཞི་བསྒུལ་ཏེ། རྒྱལ་ཁམས་རྣམས་འདར་དུ་བཅུག་ནས། ༡༧ འཇིག་རྟེན་ནི་འབྲོག་སྟོང་ལྟར་བྱས་ཏེ། དེའི་གྲོང་ཁྱེར་རྣམས་བཤིག་མཁན་དང་། རང་གི་བཙོན་པ་དག་ཁང་པར་འགྲོར་མ་གནང་བའི་མི་དེ་རང་ཡིན་ནམ། ཞེས་ཟེར་བར་བྱའོ། ༡༨ མི་རིགས་རྣམས་ཀྱི་རྒྱལ་པོ་ཡོད་དོ་ཅོག་ཐམས་ཅད་རེ་རང་གི་ཁྱིམ་ན་གཟི་བརྗིད་བཅས་ཉལ་གྱི། ༡༩ ཁྱོད་ནི་རང་གི་རོ་ཁང་གི་ནང་ནས་སྐྱུག་བྲོ་བའི་ཡལ་ག་ལྟ་བུར་ཕྱུང་ནས་ཕང་སྟེ། ཁྱོད་ནི་རྡོག་སྒྲིལ་དུ་བཏང་བའི་རོ་དང་འདྲ་བར། རལ་གྲིས་འབིགས་ནས་དོང་གི་རྡོ་བ་དག་ལ་ཡང་གྱེལ་བའི་རོ་རྣམས་ཀྱིས་ཁྱོད་བཀབ་བོ། ༢༠ ཁྱོད་དེ་དག་དང་བཅས་སུ་ཅི་ནས་ཀྱང་རོ་ཁང་གི་ནང་དུ་མི་བསྐུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་རང་གི་ཡུལ་བཤིག་སྟེ། རང་གི་བྲན་རྣམས་བསད་པར་བྱས་པའི་ཕྱིར་རོ། མི་ཚངས་པ་སྤྱོད་པའི་བུ་བརྒྱུད་ཀྱི་མིང་ནམ་དུའང་ལུས་པར་མི་འགྱུར།
༢༡ དེ་དག་མི་ལང་བ་དང་། ས་གཞི་མི་བདོག་པ་དང་། འཇིག་རྟེན་གྱི་ངོས་སུ་གྲོང་ཁྱེར་རྣམས་བཏབ་ནས། འཇིག་རྟེན་མི་ཁེངས་པའི་སླད་དུ། ཕ་མེས་པོ་རྣམས་ཀྱི་ཉེས་སྡིག་གི་ཕྱིར་དུ། དེ་དག་གི་བུ་རྣམས་གསོད་གྲབས་གྱིས་ཤིག ༢༢ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་དུ། བདག་དེ་དག་གི་དགྲར་བཞེངས་ཏེ། བཱ་བེལ་གྱི་མིང་དང་། ཕྱི་ལུས་ནི་བུ་དང་ཚ་བོ་བཅས་ཚར་གཅོད་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༢༣ ངས་དེ་ནི་ཆུ་སྐྱུར་གྱི་ནོར་སྐལ་དང་། ཆུ་འཁྱིལ་གྱི་ལྟེང་ཀ་རུ་བྱས་ཏེ། ངས་དེ་འཇིག་བྱེད་ཀྱི་འོལ་མོས་འཕྱག་པར་བྱའོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎
༢༤ དཔུང་ཆེན་གྱི་ཡ་ཧོ་ཝཱས་དབུ་མནའ་བཞེས་ཤིང་འདི་སྐད་དུ། ཇི་ལྟར་བདག་གི་ཐུགས་སུ་དགོངས་པ་དེ་བཞིན་ངེས་པར་འགྱུར་ཞིང་། ཇི་ལྟར་ངས་དཔེས་པ། དེ་བཞིན་དུ་སྒྲུབ་པར་འགྱུར། ༢༥ ང་རང་གི་ཡུལ་ཁམས་ནང་ཨ་སུར་པ་གཅག་ཅིང་། རང་གི་རི་བོར་དེ་རྡོག་རྫིས་ལ་གཏང་། དེ་ནས་ཁོའི་གཉའ་ཤིང་འདི་དག་ལས་བྲལ་ཏེ། འདི་དག་གི་དཔུང་པ་ལས་ཁོའི་ཁལ་འབུད་པར་འགྱུར་རོ། ༢༦ འདི་ནི་འཇིག་རྟེན་ཧྲིལ་པོའི་ཕྱིར་དཔེས་པའི་དཔེ་དཔེ་ལགས། འདི་ནི་མི་བརྒྱུད་ཐམས་ཅད་ཀྱི་ཐོག་ཏུ་བརྐྱངས་པའི་ཕྱག་དེའོ། ༢༧ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་གྱི་ཡ་ཧོ་ཝཱས་མཛད་པའི་དཔེ་དཔེ་དེ་སུས་འཇིག་པར་འགྱུར། ཁོང་གི་ཕྱག་ནར་བརྐྱང་བཞིན་ཡོད་པ། སུས་ཟློག་པར་འགྱུར།
༢༨ རྒྱལ་པོ་ཨ་ཧས་གྲོངས་པའི་ལོ་ནང་དུ་ལུང་བསྟན་འདི་བྱུང་།
༢༩ ཀྱེ་ཕེ་ལེ་ཤེད་པ་ཐམས་ཅད། ཁྱོད་ལ་བརྡུངས་མཁན་གྱི་བེར་ཀ་ཆག་པས། ཡི་མ་རངས་ཤིག གང་ལ་ཞེ་ན། སྦྲུལ་གྱི་རྩ་བ་ལས་དུག་སྦྲུལ་ཞིག་སྐྱེས་ཏེ། དེའི་འབྲས་བུ་ནི་མེ་འབར་བའི་འབྲུག་ཅིག་འབྱུང་བར་འགྱུར། ༣༠ དེ་ནས་དབུལ་ཕོངས་ཀྱི་སྔོན་སྐྱེས་རྣམས་ཀྱིས་ཁ་ཟས་ལ་སྤྱོད་ཅིང་། ནོར་མེད་རྣམས་བདེ་བར་གནས་པར་འགྱུར། འོན་ཀྱང་ཁྱོད་ཀྱི་རྩ་བ་ནི་ངས་མུ་གེས་གསད་དེ། དེས་ཁྱོད་ཀྱི་ཕྱི་ལུས་སྲོག་དང་འཕྲལ་བར་འགྱུར། ༣༡ ཀྱེ་རྒྱ་སྒོ། ངུ་འབོད་ཐོང་ཞིག ཀྱེ་གྲོང་ཁྱེར། ཆོ་ངེས་བྱོས་ཤིག ཀྱེ་ཕེ་ལེ་ཤེད། ཁྱོད་ཡོངས་སུ་བཞུས་ཟིན་ཏོ། དེ་ཅིའི་ཕྱིར་ཞེ་ན། བྱང་ཕྱོགས་ནས་དུ་བ་ཞིག་ལང་བ་དང་། དེ་དག་གི་ཚོགས་ཀྱི་ནང་ནས་གཅིག་ཀྱང་རྒྱབ་ཏུ་ལུས་པར་མི་འགྱུར། ༣༢ ད་ཕྱི་པའི་ཕོ་ཉ་དག་ལ་ལན་ཅི་འདེབས་པར་བྱ། ཙི་ཨོན་ནི་ཡ་ཧོ་ཝཱས་བཞེངས་ཡོད་པས། ཁོང་གི་མི་སྡེའི་དབུལ་ཕོངས་རྣམས་ལ་དེར་སྐྱབས་གནས་རྙེད་པར་འགྱུར་རོ༎