༡༣
ཨ་མོས་ཀྱི་བུ་ཡེ་ཤ་ཡཱས་བཱ་བེལ་གྱི་སྐོར་མཐོང་བར་གྱུར་པའི་ལུང་བསྟན་ནི། ༢ རི་སྟོང་གི་ཁར་དར་ཆེན་ཞིག་སྒྲེང་བར་བྱོས་ཤིག་དང་། སྐད་ཆེན་པོས་དེ་རྣམས་ལ་འབོད་ཅིང་། སྐུ་དྲག་དག་གི་སྒོ་མོར་ཞུགས་པའི་སླད་དུ་ལག་དབྱུག་ཐོང་ཞིག ༣ བདག་གིས་རང་གི་དམ་པ་རྣམས་ལ་བཀའ་སྒོ་སྟེ། ངའི་འཕག་པ་ཉིད་ལ་དགའ་མཁན་གྱི་དཔའ་བོ་དག་ལ་ངའི་ཁོང་ཁྲོ་རྫོགས་སུ་ངས་བོས་པ་ཡིན། ༤ རི་བོ་རྣམས་ན་དམག་དཔུང་ཆེན་པོ་དང་འདྲ་བའི་དཔུང་ཚོགས་ཀྱི་འུར་སྒྲ་ཞིག་གདའ། འདི་ནི་ཚོགས་པར་གྱུར་པའི་མི་བརྒྱུད་རྣམས་ཀྱི་རྒྱལ་ཁམས་དག་གི་འདུ་འཛིའི་སྐད་ལགས། དཔུང་ཆེན་གྱི་ཡ་ཧོ་ཝཱས་དམག་ཚོགས་རྣམས་ལ་ཞིབ་དཔྱོད་མཛད་དོ། ༥ ཡུལ་ཐམས་ཅད་མེད་པར་མཛད་དུ། ཡ་ཧོ་ཝཱའམ་ཁོང་གི་ཐུགས་ཁྲོའི་མཚོན་ཆ་ལགས་པ་དེ་དག ས་ཐག་རྒྱང་རིང་ནས་ནམ་མཁའི་མཐའ་མ་ལས་འོང་གིན་གདའོ། ༦ ད་ནི་ཡ་ཧོ་ཝཱའི་ཉིན་མོ་ཉེ་བར་གྱུར་པས། དེ་ནི་ཀུན་དབང་གི་ཕྱོགས་ལས་འཇིག་པ་ཆེན་པོ་དང་འདྲ་བར་འོང་བས་ན། འོ་དོད་ཐོང་ཞིག ༧ དེའི་རྐྱེན་གྱིས་ལག་རྩ་ཐམས་ཅད་ལྷོད་ཅིང་། མི་ཀུན་གྱི་སྙིང་གཞུ་ཞིང་། ༨ དངང་སྐྲག་ཅིང་གཟེར་དང་འཚེར་བས་དེ་དག་གཟུང་སྟེ། སྐྱེ་གཟེར་གྱིས་ཐེབས་པའི་བུད་མེད་དང་མཚུངས་པའི་གཟེར་གྱིས་གཟིར་ཞིང་། ཐབ་ཐོབ་ཏུ་གྱུར་ཏེ། གཅིག་གིས་གཅིག་ལ་བལྟ་སྟེ། དེ་དག་གི་གདོང་ནི་མེ་ལྕེ་ལྟར་འགྱུར་བར་འགྱུར་རོ༎༩ ཀྱེ་ཧོ། ཡུལ་སྣུབ་པར་བྱེད་པ་དང་། སྡིག་ཅན་དག་དེའི་ངོས་ལས་ཚར་གཅོད་པའི་དོན་དུ། ཐུགས་ཁྲོ་དང་ཁྲོ་གཏུམ་དྲག་པོའི་ནང་ནས་ཡ་ཧོ་ཝཱའི་ཉིན་མོ་དྲག་ཤུལ་ཅན་དེ་འབྱོན་གྱིན་འདུག ༡༠ དེའི་རྐྱེན་གྱིས་གནམ་གྱི་སྐར་མ་དང་དྲང་སྲོང་རྣམས་ཀྱིས་འོད་མི་འབྱིན་པར། ཉི་མ་འཆར་བ་ཙམ་གྱིས་འགྲིབ་ཅིང་། ཟླ་བས་རང་གི་འོད་སྣང་བར་མི་བྱའོ། ༡༡ ཡང་ངས་འཇིག་རྟེན་ལ་དེ་རང་གི་ངན་དང་། མི་ངན་དག་ལ་དེ་ཚོའི་ལས་ངན་གྱི་ཕྱིར་ཆད་པས་གཅད། དྲེགས་པ་ཅན་གྱི་ང་རྒྱལ་བར་དུ་བཅད་དེ། དྲག་ཤུལ་ཅན་གྱི་རང་མཐོང་ཆམ་ལ་དབབ་བོ། ༡༢ ངས་སྐྱེ་བོ་དག་གསེར་བཙོ་མ་དང་། ཨོ་ཕིར་གྱི་གསེར་ལྷད་མེད་པ་ལས་ཀྱང་ལྷག་པར་རིན་ཆེན་དུ་བྱའོ། ༡༣ དེ་བས་ན་དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཐུགས་ཁྲོ་དང་། ཁོང་གི་ཁྲོ་གཏུམ་གྱི་ཉིན་པར་ངས་ནམ་མཁའ་རྣམས་བསྒུལ་བས། ས་གཞི་རང་གནས་ལས་འཕྱུགས་པར་འགྱུར་རོ། ༡༤ དེ་ནས་དེ་ནི་བཤོར་བའི་གནའ་བ་ལྟར་དུའམ། མི་གང་གིས་ཀྱང་ཉ་ར་མི་བྱེད་པའི་ལུག་ལྟར་གྱུར་ཏེ། དེ་དག་ཐམས་ཅད་རང་རང་གི་མི་བརྒྱུད་ཀྱི་ཕྱོགས་སུ་འཁོར་ཞིང་རེ་རང་གི་ཕ་ཡུལ་དུ་འབྲོས་པར་འགྱུར། ༡༥ རྙེད་ཚད་ནི་འབིགས་ཤིང་། འདྲེས་ཚད་ནི་རལ་གྲིས་འཆི་བར་འགྱུར། ༡༦ དེ་དག་གི་མིག་གི་མདུན་དུ་དེའི་ཕྲུ་གུ་རྣམས་ས་ལ་བརྡབ་སྟེ། ཁྱིམ་རྣམས་བཅོམ་སྟེ། ཆུང་མ་རྣམས་ལ་དབང་ཤེད་བྱེད་པར་འགྱུར་རོ༎
༡༧ ཀྱེ་ཧོ། དངུལ་ལ་མི་བལྟ་བ་དང་། གསེར་ལ་མི་ཆགས་པའི་མ་དཱ་ཨི་པ་དག་ངས་འདི་དག་གི་དགྲར་འདྲེན་པར་བྱ། ༡༨ དེ་དག་གི་གཞུ་ཡིས་གཞོན་ནུ་རྣམས་དུམ་བུ་དུམ་བུར་གཏུབ་ཅིང་། མངལ་གྱི་འབྲས་བུ་དག་ལ་ཡང་སྙིང་མི་རྗེ་ཞིང་། དེ་དག་གི་མིག་གིས་ཕྲུ་གུ་རྣམས་ལ་འཕངས་པར་མི་བྱའོ། ༡༩ རྒྱལ་ཁམས་དག་གི་དཔལ་དང་ཀལ་དཱི་པའི་ཆེ་བའི་ཟིལ་ལགས་པའི་བཱ་བེལ་དེ་ནི། དཀོན་མཆོག་གི་རྩ་རྩེ་བཟློགས་པའི་སོ་དོམ་དང་གོ་མོ་རཱ་གཉིས་ལྟར་འགྱུར་ཞིང་། ༢༠ མཐའ་མའི་བར་དུ་མ་ཚུགས་པར། མི་རབས་ནས་མི་རབས་སུ་དེར་མི་གང་ཡང་གནས་པར་མི་འགྱུར་ཏེ། ཨ་རཱབ་པས་ཀྱང་དེར་གུར་སྤུབ་པར་མི་བྱ། ཕྱུགས་རྫིས་ཀྱང་དེར་རང་གི་ཁྱུ་འཇོགས་པར་མི་འགྱུར་གྱིས། ༢༡ འབྲོག་སྟོང་གི་གཅན་གཟན་དག་དེར་ཉལ་ཏེ། དེ་དག་གི་ཁྱིམ་ནི་འབྱུང་པོའི་བྱས་གང་ཞིང་། བྱ་རྔ་བོང་རྣམས་གནས་ཏེ། དེར་ར་རྒོད་ཀྱིས་མཆོང་བར་བྱ། ༢༢ དེ་དག་གི་ཕོ་བྲང་གི་ནང་དུ་དུར་སྤྱང་དང་། ཁབ་མཛེས་པའི་ནང་ན་ཁྱི་སྤྱང་གིས་ང་རོ་སྒྲོག་པར་འགྱུར་རོ། དུས་དེ་ནི་ཉེ་བར་བབ་པས། ད་དེའི་ཞག་རྣམས་རིང་བར་བྱེད་པར་མི་འགྱུར་རོ༎