༡༢
ཉིན་མོ་དེར་ཁྱེད་ཀྱིས་འདི་སྐད་དུ། ཀྱེ་ཡ་ཧོ་ཝཱ། ངས་ཁྱེད་ལ་སྟོད་བསྔགས་སོ། སྔར་བདག་ལ་ཐུགས་ཁྲོས་རུང་། ད་ཐུགས་ཁྲོ་ཞི་བས། ཁྱེད་ཀྱིས་ངའི་སེམས་གསོས། ༢ ཀྱེ་ཧོ། དཀོན་མཆོག་ནི་ངའི་ཐར་པ་ལགས་ཏེ། ངས་ཁོང་ལ་བློ་གདེང་བྱ་བས། འཇིགས་པར་མི་འགྱུར། གང་ལ་ཞེ་ན། ཡ་ཧོ་ཝཱ་གཙོ་བོ་ནི་ངའི་སྟོབས་དང་དབྱངས་དང་། བདག་གི་ཐར་པར་ཡང་གྱུར་པའི་ཕྱིར་རོ། ཞེས་བརྗོད་པར་འགྱུར་རོ། ༣ དེ་ལྟར་ཁྱེད་དགའ་མགུ་ཞིང་ཐར་པའི་ཁྲོན་པ་རྣམས་ལས་བཅུ་བར་འགྱུར། ༤ ཡང་ཉིན་མོ་དེར་ཁྱེད་ཅག་གིས། ཡ་ཧོ་ཝཱ་ལ་སྟོད་ཅིང་ཁོང་གི་མཚན་བརྗོད་ཅིག མི་རིགས་རྣམས་ཀྱི་ཁོང་གི་མཛད་རྒྱ་སྒྲོག་ཅིང་། ཁོང་གི་མཚན་འཕགས་པ་ལགས་སོ་ཞེས་སྨྲོས་ཤིག ༥ ཁོང་གིས་དཔལ་དང་ལྡན་པའི་བྱ་བ་དག་མཛད་པ་ནི་ས་གཞི་ཚང་མར་རྒྱུས་ཡོད་པས། ཡ་ཧོ་ཝཱ་ལ་སྟོད་དབྱངས་འབུལ་བར་བྱོས་ཤིག ༦ ཀྱེ་ཙི་ཨོན་མ་ཁྱེད། ཨིས་ར་ཨེལ་གྱི་དམ་པ་ཉིད་དེ་ནི་ཁྱེད་ཅག་གི་དཀྱིལ་ན་ཆེན་པོ་ཡིན་པས་ན། ཀུ་ཐེག་ཅིང་ལྡིར་སྒྲ་གྱིས་ཤིག་ཅེས་སྨྲ་བར་འགྱུར་རོ༎