༡༡
ཡང་ཨི་ཤཱའི་སྡོང་པོ་ལས་ལྕུག་གུ་ཞིག་དང་། དེའི་རྩ་བའི་ཡལ་འདབ་ཅིག་འབྲས་བུ་དང་ལྡན་པར་འགྱུར།  ཁོང་གིས་སྟེང་ན་ཡ་ཧོ་ཝཱའི་ཐུགས་ཉིད་མཆིས་པར་འགྱུར། ཡེ་ཤེས་དང་ཤེས་རབ་ཀྱི་ཐུགས་ཉིད་དང་། མཁྱེན་རྒྱ་དང་དབང་ཐང་གི་ཐུགས་ཉིད་དོ།  ཡ་ཧོ་ཝཱ་ལ་བག་བྱེད་པ་ནི་དེའི་དགའ་བ་ཡིན་པར་འགྱུར། དེས་སྤྱན་གྱིས་གཟིགས་པ་བཞིན་དུ་ཞལ་ཆེ་མི་གཅད་ཅིང་། སྙན་གྱིས་གསན་པ་བཞིན་དུ་ཡང་ཁྲིམས་ཐག་མི་གཅད་ཀྱི།  ཐུགས་དྲང་པོའི་ངང་ནས་དབུལ་ཕོངས་ཀྱི་གཤགས་དང་། ཁྲིམས་དྲང་པོའི་ངང་ནས་སྙེམས་ཆུང་གི་ཁྲིམས་ཐག་གཅད་དེ། ཁོང་གི་ཞལ་གྱི་ཕྱག་འཁར་གྱིས་ས་གཞི་ལ་བརྡུང་། ཞལ་ལྤགས་ཀྱི་དབུགས་ཀྱིས་མི་ངན་དག་ཚར་གཅད།  ཁོང་གི་སྐུ་རྐེད་ཀྱི་སྐུ་རགས་ནི་དྲང་བ་ཉིད་དང་། སྐུའི་ཀློང་གི་སྐུ་རགས་ནི་ཐུགས་དྲང་པོ་ལགས་པར་འགྱུར།
 དེ་ནས་སྤྱང་ཀི་ནི་ལུ་གུ་དང་ལྷན་ཅིག་ཏུ་སྡོད་ཅིང་། གཟིག་ནི་ར་གུ་དང་མཉམ་དུ་ཉལ་ཞིང་། བེའུ་དང་སེང་གེ་དར་མ་དང་གླང་རྒྱགས་པ་དག་འཆམས་ཏེ། བྱིས་པ་ཆུང་དུས་དེ་དག་འཚོ་བར་འགྱུར་རོ།  ཡང་བ་དང་དོམ་མཉམ་དུ་རྩྭ་ཟ་ཞིང་། དེ་དག་གི་ཕྲུ་གུ་རྣམས་ཕྱོགས་གཅིག་ཏུ་ཉལ་བར་འགྱུར། སེང་གེས་གླང་བཞིན་དུ་ཕུབ་མ་ཟ་བར་བྱ།  བྱིས་པ་འོ་འཐུང་ནི་སྦྲུལ་གྱི་ཚང་གི་མདུན་དུ་རྩེད་མོ་རྩེད་ཅིང་། འོ་མ་བཅད་པའི་བྱིས་པས་དུག་སྦྲུལ་གྱི་ཚང་ནང་ལག་པ་གཞུག  དེ་རྣམས་ཀྱིས་ངའི་རི་བོ་དམ་པའི་གནས་ཀུན་ཏུ་གང་ལའང་མི་སྣད་མི་གཟུག་གོ། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་རྒྱ་མཚོ་ཆུས་གང་བ་བཞིན་དུ་ས་གཞི་ནི་ཡ་ཧོ་ཝཱའི་ཡེ་ཤེས་ཀྱིས་གང་བར་འགྱུར་བའི་ཕྱིར་རོ༎
༡༠ ཡང་ཉིན་མོ་དེར་མི་སྡེ་དག་གི་དོན་དུ་དར་ཆེན་དུ་སྒྲེང་རྒྱུའི་ཨི་ཤཱའི་རྩ་བ་དེ་ནི་ཕྱི་པ་དག་གིས་བཙལ་ནས། ཁོང་གི་བསྟི་གནས་ནི་དཔལ་དང་ལྡན་པར་འགྱུར་རོ༎
༡༡ ཡང་ཉིན་མོ་དེར་ཡ་ཧོ་ཝཱས་ལན་གཉིས་པར་ཕྱག་བརྐྱང་སྟེ། ཉིད་ཀྱི་མི་བརྒྱུད་ཀྱི་ནང་ན་ལུས་པའི་ལྷག་མ་དེ་ནི་ཨ་སུར་དང་། མི་སེར་དང་། ཕད་རོས་དང་། ཀུས་དང་། ཨེ་ལམ་དང་། ཤི་ནེ་ཨར་དང་། ཧ་མད་དང་། རྒྱ་མཚོའི་གླིང་ཕྲན་གྱི་ཕྱོགས་ལས་སླར་སྡུད་པར་འགྱུར། ༡༢ དེ་ནས་མི་བརྒྱུད་རྣམས་ཀྱི་དོན་དུ་དར་ཆེན་ཞིག་བསྒྲེངས་ཏེ། བསྐྲད་པར་གྱུར་པའི་ཨིས་ར་ཨེལ་པ་བསྡུས་ཏེ། ཁ་ཐོར་ནས་ཡོད་པའི་ཡ་ཧུ་དཱ་པ་རྣམས་ས་གཞིའི་གྲུ་བཞི་ཀ་ནས་སྡུད་པར་འགྱུར། ༡༣ དེ་ནས་ཨེབ་ར་ཨིམ་ལ་ཞེ་སྡང་བྱེད་པ་ཡང་མེད་པར་འགྱུར་ཏེ། ཡ་ཧུ་དཱར་ཞེ་འཁོན་བྱེད་པ་དག་གཅོད་པར་འགྱུར། ཨེབ་ར་ཨིམ་གྱིས་ཡ་ཧུ་དཱ་ལ་སྡང་བར་མི་འགྱུར། ཡ་ཧུ་དཱས་ཀྱང་ཨེབ་ར་ཨིམ་ལ་འཁོན་དུ་འཛིན་པར་མི་འགྱུར་གྱིས། ༡༤ ནུབ་ཕྱོགས་སུ་ཕེ་ལེ་ཤེད་པའི་དཔུང་པར་མཆོངས་ཏེ། ཤར་ཕྱོགས་ཀྱི་བུ་རྣམས་ཀྱང་བཅོམ་སྟེ། ཨེ་དོམ་དང་མོ་ཨབ་ལ་ལག་པ་རྒྱབ་པ་དང་། ཨམ་མོན་གྱི་བུ་རྣམས་ཀྱིས་དེ་དག་གི་འབངས་བྱེད་པར་འགྱུར། ༡༥ དེ་ནས་ཡ་ཧོ་ཝཱས་མི་སེར་རྒྱ་མཚོའི་ལྕེ་རྩད་ནས་བཅད་དེ། ཉིད་ཀྱི་མཐུ་ཆེ་བའི་རླུང་དྲག་གི་ངང་ནས་ཆུ་བོར་ཕྱག་བརྒྱབ་དེ། གྲོག་པོ་བདུན་དུ་མཛད་དེ། མི་རྣམས་ལྷམ་བཅས་དེ་ལས་རྒལ་བར་བྱའོ། ༡༦ ཡང་ཨིས་ར་ཨེལ་གྱི་བུ་རྣམས་མི་སེར་ཡུལ་ནས་ཐོན་པའི་ཉིན་མོ་དེ་དང་འདྲ་བར། ཨ་སུར་གྱི་ནང་ནས་ཐར་པའི་ཁོང་གི་མི་སྡེ་ལྷག་ལུས་ཀྱི་དོན་དུ་རྒྱ་ལམ་ཞིག་ཀྱང་འབྱུང་བར་འགྱུར་རོ༎