༨
སླར་ཡང་ཡ་ཧོ་ཝཱས་བདག་ལ། གླེགས་ཤིང་ཆེན་པོ་ཞིག་ཐོགས་ཏེ། མིའི་སྨྱུ་གུས་མ་ཧེར་ཤ་ལལ་ཧ་ཤ་བཱས་༼བོད་སྐད་དུ་བཅོམ་ནོར་མགྱོགས་ཤིག ནོམ་པ་རིངས་ཤིག་༽ཅེས་པའི་སྐོར་དུ་བྲིས་ཤིག་དང་། ༢ བླ་མ་ཨུ་རི་ཡཱ་དང་ཡེ་བེ་རེག་ཡཱའི་བུ་ཟ་ཀར་ཡཱ་ངའི་ཕྱིར་དཔང་པོ་དྲང་པོར་ཞོག་ཅིག་ཅེས་བསྒོའོ༎༣ དེ་ནས་ང་ལུང་སྟོན་མའི་སར་ཕྱིན་པ་དང་། མོ་སྦྲུམ་མར་གྱུར་ཏེ། བུ་ཞིག་བཙས་སོ། དེ་ནས་ཡ་ཧོ་ཝཱས་བདག་ལ། དེའི་མིང་དུ་མ་ཧེར་ཤ་ལལ་ཧ་ཤ་བཱས་ཐོགས་ཤིག ༤ དེ་ཅིའི་ཕྱིར་ཞེ་ན། བུ་འདིས་ཨ་ཕ། ཨ་མ་ཞེས་འབོད་པའི་འདུ་ཤེས་མ་རྙེད་པའི་གོང་དུ། ད་མཱ་སེག་གི་ནོར་ལོངས་སྤྱོད་དང་། ས་མར་ཡཱའི་བཅོམ་ནོར་ནི་ཨ་སུར་རྒྱལ་པོའི་རྩར་སྐྱེལ་བར་འགྱུར་བའི་ཕྱིར་རོ། ཞེས་བཀའ་སྩལ་ཏོ༎
༥ སླར་ཡང་ཡ་ཧོ་ཝཱས་བདག་ལ། ༦ མི་འདི་དག་དལ་བུར་འགྲོ་བའི་ཤི་ལོ་ཨའི་ཆུ་ལ་མི་མགུ་བར། རེ་ཙིན་དང་རེ་མལ་ཡཱའི་བུ་ལ་དགའ་བས་ན། ༧ ད་ལྟོས་ཤིག ཡ་ཧོ་ཝཱས་ཆུ་བོའི་ཆུ་ལོག་ཤེད་ཅན་མང་པོའམ། ཨ་སུར་གྱི་རྒྱལ་པོ་དང་དེའི་དཔལ་ཐམས་ཅད་འདི་དག་གི་སྟེང་དུ་འདྲེན་པར་མཛད་ཅིང་། དེ་རང་གི་ཡུར་བ་ཐམས་ཅད་ཀྱི་ཕ་རོལ་དུ་འགྲོ་ཞིང་། རང་གི་འགྲམ་ཐམས་ཅད་དུ་འཁེལ་ཏེ། ༨ ཡ་ཧུ་དཱའི་དཀྱིལ་དུ་འབྲུབ་ཅིང་། དེ་ལས་ཀྱང་ལུད་ནས་ཕར་སོང་ཏེ། སྐེ་མཚམས་ཀྱི་བར་དུ་འཁེལ་བར་འགྱུར། ཀྱེ་ཨིམ་མ་ནུ་ཨེལ། དེའི་ཤོག་འགྱངས་ཀྱིས་ཁྱེད་ཀྱི་ཡུལ་ཁམས་ཀྱི་ཁ་གཞེངས་འཁེབས་པར་འགྱུར་རོ༎
༩ ཀྱེ་མི་སྡེ་དག་འདུ་འཛི་བྱོས་ཤིག་དང་། ཁྱོད་དུམ་བུ་དུམ་བུར་ཆག་པར་འགྱུར། ཀྱེ་ས་ཐག་རིང་པོའི་མི་རྣམས་ཚུར་ལ་རྣ་བ་ཐུད་ཅིག རང་གི་སྐ་རགས་འཆིང་བར་བྱོས་ཤིག འོན་ཀྱང་ཁྱོད་རྣམས་དུམ་བུ་དུམ་བུར་ཆག་པར་འགྱུར། རང་རང་གི་སྐ་རགས་འཆིང་བར་བྱོས་ཤིག་དང་། དུམ་བུ་དུམ་བུར་འགྲོ་བར་འགྱུར། ༡༠ ཁྱོད་ཚོ་གྲོས་བྱོས་ཤིག་དང་། དོན་འགྲུབ་པར་མི་འགྱུར། གཏམ་གླེང་བྱོས་ཤིག འོན་ཀྱང་དེ་གནས་པར་མི་འགྱུར་རོ། ཅི་ལ་ཟེར་ན། དཀོན་མཆོག་ངེད་དང་འགྲོགས་པའི་ཕྱིར་རོ། ༡༡ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་ཕྱག་མཐུ་ལྡན་གྱི་ངང་ནས་བདག་མི་དེ་དག་གི་ལམ་གྱི་ནང་ན་མི་འགྲུལ་བའི་ཞལ་གདམས་མཛད་ཅིང་འདི་སྐད་དུ། ༡༢ མི་འདི་ཚོས་ཁ་འདྲིལ་ཏེ་ངོ་ལོག་ཟེར་བ་ཐམས་ཅད་ལ་ཁྱོད་ཀྱིས་ཁ་འདྲིལ་བའི་ངོ་ལོག་མ་ཟེར། དེ་དག་འཇིགས་པ་དེ་ལ་ཁྱོད་འཇིགས་ཤིང་མ་འཚབས་ཤིག ༡༣ དཔུང་ཆེན་གྱི་ཡ་ཧོ་ཝཱ་ཁོང་ཉིད་དམ་པར་བྱེད་ཅིང་། ཁོང་རང་ནི་ཁྱོད་ཀྱི་འཇིགས་པ་དང་འཚབས་པ་རུ་བཟུང་བར་བྱོས་ཤིག་དང་། ༡༤ ཁོང་ནི་དམ་པར་འགྱུར་འོང་གི། ཨིས་ར་ཨེལ་གྱི་བུ་བརྒྱུད་གཉིས་པོར་ནི་འཁད་རྒྱབ་པའི་རྡོ་དང་སླུ་བའི་བྲག་ཏུ་གྱུར་ཏེ། ཡེ་རུ་ཤ་ལེམ་པ་རྣམས་ལ་ནི་ལྟེམ་པ་དང་རྙི་རུ་འགྱུར་བར་འགྱུར། ༡༥ དེའི་ནང་ནས་མི་མང་པོ་སྒག་བརྒྱབ་ནས་འགྲིལ་ཏེ། ཆག་ཅིང་རྙིར་འཁད་ནས། འཛིན་འཁྱེར་བར་འགྱུར་རོ༎
༡༦ དཔང་པོའི་ཡི་གེ་སྡོམ་ལ། ངའི་ཉེ་གནས་རྣམས་ཀྱི་དཀྱིལ་དུ་བཀའ་རྒྱ་ལ་ཐེ་ཙེ་རྒྱོབ་ཅིག་ཅེས་གསུངས་སོ༎
༡༧ ང་ནི་ཡ་ཀོབ་ཀྱི་བུ་བརྒྱུད་ལས་ཞལ་རས་ཡིབ་པའི་ཡ་ཧོ་ཝཱ་ལ་སྒུག་ཅིང་ལྟ་ཞིང་སྡོད་པར་བྱ།
༡༨ ཀྱེ་ཧོ། ང་རང་དང་ཡ་ཧོ་ཝཱས་ང་ལ་གནང་བའི་བུ་དག་ནི། རི་བོ་ཙི་ཨོན་ན་བཞུགས་པའི་དཔུང་ཆེན་གྱི་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་དཀྱིལ་ན་སྩལ་བའི་རྟགས་དང་ངོ་མཚར་ཆེ་བ་རྣམས་ཀྱི་དོན་དུ་ལགས་སོ། ༡༩ ཡང་ནམ་དེ་དག་གིས་ཁྱེད་ཅག་ལ་ལྷ་པ་དང་། འདོན་པ་དང་རྒྱ་ལབ་གཏོང་བའི་གཤིན་འདྲེ་འགུག་མཁན་རྣམས་འཚོལ་ཞིག་ཅེས་སྐུལ་འགྱུར་ན། ཁྱེད་ཅག་གིས་མི་རྣམས་ཀྱིས་རང་གི་དཀོན་མཆོག་འཚོལ་བའི་མི་རིགས་སམ། གསོན་པོའི་སྐོར་གཤིན་པོར་འདྲི་བར་འོས་སམ། ཞེས་ལན་ཐོབ་ཅིག ༢༠ བཀའ་ཁྲིམས་དང་དཔང་པོའི་ཤོག་བུ་ལ་ལྟོས་ཤིག ཇི་སྟེ་བཀའ་དེ་ནང་བཞིན་དུ་མ་ལབ་ན། ངེས་པར་དེ་དག་ལ་ནམ་ལང་བར་མི་འགྱུར་རོ༎
༢༡ བྱ་ཐབས་ཟད་ཅིང་ལྟོགས་བཞིན་ཡུལ་ན་རྒྱུ་བར་བྱ། དེ་ནས་དེ་དག་ལྟོགས་པས་གདུངས་པའི་ཚེ་རང་ལ་སྣང་བ་འཚེར་ཞིང་། རང་གི་རྒྱལ་པོ་དང་རང་གི་དཀོན་མཆོག་ལ་ཡང་དམོད་པ་འདེབས་ཤིང་སྟེང་གི་ཕྱོགས་སུ་ལྟ་བར་འགྱུར། ༢༢ ཡང་སའི་ཕྱོགས་ལྟ་བ་ལས། སྡུག་བསྔལ་དང་། མུན་པའི་སྨག་རུམ་དང་། ཟུག་གཟེར་གྱི་མུན་ཐིབས་པ་མཐོང་འོང་། དེ་རྣམས་མུན་པའི་སྨག་རུམ་གྱི་ནང་དུ་སྐྲོད་པར་འགྱུར་རོ༎