དེ་ནས་ཀྱང་སྔར་ཟུག་གཟེར་དང་ལྡན་པ་དེར་མུན་ཐིབས་ལུས་པར་མི་འགྱུར། ཁོང་གིས་སྔར་ཟེ་བུ་ལོན་གྱི་ཡུལ་དང་ནབ་ཐ་ལིའི་ཡུལ་གཉིས་སྨད་པར་བྱས་ནའང་། མ་འོངས་པའི་དུས་སུ་མཚོའི་ལམ་དུ། ཡོར་དན་གྱི་ཕ་རོལ་ན། ཕྱི་པའི་མི་བརྒྱུད་ཀྱི་ག་ལིལ་གྱི་ནང་ན་དཔལ་དང་ལྡན་པར་བྱའོ༎
 མུན་པའི་ནང་ན་འགྲོ་བ་རྣམས་ཀྱིས་འོད་ཆེན་པོ་ཞིག་མཐོང་། འཆི་བའི་མུན་གྲིབ་ཀྱི་ཡུལ་ཁམས་ནང་དུ་བསྡད་པ་རྣམས་ལ་འོད་ཅིག་ཤར།  ཁྱེད་ཀྱིས་མི་སྡེ་སྤེལ་བར་མཛད་དེ། དེ་དག་གི་དགའ་སྤྲོ་རྒྱས་པར་མཛད་པ་ཡིན། མི་རྣམས་སྟོན་དུས་སམ། བཅོམ་ནོར་ལ་བགོ་བཤའ་རྒྱབ་དུས་སུ་དགའ་མགུ་བ་ལྟར། ཁྱེད་ཀྱི་དྲུང་དུ་དེ་དག་ཡི་རང་ངོ་།  དེ་ཅིའི་ཕྱིར་ཞེ་ན། མིད་ཨན་གྱི་ཉིན་དང་མཚུངས་པར་ཁྱེད་ཀྱིས་དེ་དག་གི་ཁལ་གྱི་གཉའ་ཤིང་དང་གཉའ་བའི་དབྱུག་པ་དང་། དབང་བྱེད་པའི་འཁར་བ་དང་བཅས་པ་བཅག་པར་མཛད།  ཇི་ལྟར་ཞེ་ན། ཡོ་ལངས་ཀྱི་ནང་དུ་མཚོན་ཆ་ཐོགས་པ་དག་གི་མཚོན་ཆ་ཐམས་ཅད་དང་། ཁྲག་གི་ནང་དུ་བསྒྲིལ་བའི་གོས་རྣམས་མེའི་བུད་ཤིང་དུ་འགྱུར་བར་འགྱུར།  གང་ལ་ཞེ་ན། ངེད་རྣམས་ཀྱི་དོན་དུ་སྲས་ཤིག་བལྟམས་ཏེ། ངེད་ཅག་ལ་སྲས་ཤིག་གནང་། ཁོང་གི་ཕྱག་དཔུང་ཁར་དབང་སྲིད་ཡོད་པར་འགྱུར། ཁོང་ལ་གསོལ་བྱའི་མཚན་ནི། ངོ་མཚར་རྨད་བྱུང་། གྲོས་དཔོན། དཀོན་མཆོག་དབང་ཕྱུག རྟག་པའི་ཡབ། ཞི་བདེའི་རྒྱལ་པོ་སྟེ།  ཁོང་གི་རྒྱལ་སྲིད་ཀྱི་རྒྱ་ཁྱོན་དང་ཞི་བདེ་ནི་མུ་མཐའ་དང་བྲལ་ཏེ། ད་ཕྱིན་ཆད་དུས་རྟག་པར་དཱ་བིད་ཀྱི་ཁྲི་ཐོག་དང་། དེའི་རྒྱལ་ཁམས་ཀྱི་ཐོག་ཏུ་ཁོང་གིས་གྲལ་མཛད་ཅིང་། ཁྲིམས་དྲང་པོ་དང་དྲང་བ་ཉིད་ཀྱི་ངང་ནས་དེ་ནི་སྲད་ཆགས་པར་བྱའོ། དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཐུགས་འཁྲེན་གྱིས་དེ་བཞིན་སྒྲུབ་པར་འགྱུར་རོ༎
 ཡ་ཧོ་ཝཱས་ཡ་ཀོབ་ལ་གསུང་ལོན་བཀལ་བ་དེ། ཨིས་ར་ཨེལ་གྱི་ཐོག་ཏུ་བབས་སོ།  ང་རྒྱལ་གྱིས་བསྙེམས་ཤིང་། སྙིང་གྱོང་པོའི་ནང་ནས། ས་པག་བཞིག་རུང་། རྡོ་བཞོག་གིས་རྩིག་པར་བྱ། འོ་སེ་ཤིང་བཅད་རུང་། ༡༠ དེའི་ཚབ་ཏུ་འགྱམ་ཤིང་འཛུགས་པར་བྱ། ཞེས་ཟེར་བའི་མི་ཐམས་ཅད་དང་། ཨེབ་ར་ཨིམ་དང་ས་མར་ཡཱ་པས་ཀྱང་དེའི་ངོ་འཕྲོད་པར་འགྱུར། ༡༡ དེ་བས་ན་ཡ་ཧོ་ཝཱས་རེ་ཙིན་གྱི་ཐད་དུ་དེའི་ཕ་རོལ་པ་རྣམས་དྲངས་ཏེ། དེའི་དགྲ་རྣམས་ཕྱོགས་གཅིག་ཏུ་ཚོགས་སོ། ༡༢ མདུན་དུ་ཨ་རམ་པ་དང་། རྒྱབ་ཏུ་ཕེ་ལེ་ཤེད་པ་རྣམས་ཏེ། དེ་དག་གིས་ཁ་གདངས་ནས་ཨིས་ར་ཨེལ་མིད་པར་བྱས་སོ། དེ་ཐམས་ཅད་ཀྱི་སྟེང་དུའང་ཁོང་གི་ཐུགས་ཁྲོ་མ་ཞི་བར། ད་དུང་ཕྱག་བརྐྱངས་ནས་མཆིས་སོ༎
༡༣ དེ་ཅིའི་ཕྱིར་ཞེ་ན། མི་རྣམས་རང་ལ་རྡེག་པའི་ཕྱོགས་སུ་ཡང་མི་འཁོར་བར། དཔུང་ཆེན་གྱི་ཡ་ཧོ་ཝཱ་ཡང་མི་འཚོལ་བའི་ཕྱིར་རོ། ༡༤ དེ་བས་ན་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་མགོ་དང་རྔ་མ་དང་། འདབ་མ་དང་འདམ་བུ་དང་བཅས་སུ་ཉིན་གཅིག་ཅིག་གི་ནང་དུ་བཅད། ༡༥ མགོ་དེ་ནི་བགྲེས་པ་དང་ཞེ་ས་ཅན་གྱི་མི་སྟེ། རྔ་མ་ནི་རྫུན་གྱི་ལུང་བསྟན་པའི་ལུང་སྟོན་པའོ། ༡༦ ཇི་ལྟར་ཞེ་ན། དེད་དཔོན་དག་གིས་འདི་དག་འཁྲུལ་དུ་འཇུག་ཅིང་། དེ་དག་གི་ཕྱི་བཞིན་འབྲང་བ་རྣམས་མེད་པར་བྱས་སོ། ༡༧ དེའི་ཕྱིར་ཡ་ཧོ་ཝཱ་དེ་དག་གི་ན་གཞོན་དག་ལ་ཐུགས་མི་དགྱེལ། དེ་དག་རེ་རེ་བཞིན་ཚུལ་འཆོས་ཅན་དང་ངན་བྱེད་པ་དང་། ཁ་རེ་རེ་བཞིན་གྱིས་གླེན་གཏམ་འབད་པའི་རྐྱེན་གྱིས་ཁོང་གིས་དེ་དག་གི་དྭ་ཕྲུག་དང་མོ་རང་མོ་རྣམས་ལ་ཡང་ཐུགས་བརྩེ་བར་མི་མཛད། དེ་ཐམས་ཅད་ཀྱི་སྟེང་དུའང་ཁོང་གི་ཐུགས་ཁྲོ་མ་ཞི་བར། ད་དུང་ཡང་ཕྱག་བརྐྱངས་ནས་མཆིས་སོ༎
༡༨ གང་ལ་ཞེ་ན། ཉེས་པ་མེ་བཞིན་དུ་འབར་ཏེ། སེ་བའི་ཤིང་དང་ཚེར་ཤིང་དག་མེད་པར་བྱེད་ཅིང་། ནགས་ཚལ་གྱི་ཚེར་མ་ལ་མེ་འབར་ཞིང་། དུ་བ་འཐུལ་པ་ལྟར་དེ་རྣམས་ཀྱང་འཕྱོ་བར་འགྱུར། ༡༩ དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཁྲོ་གཏུམ་གྱིས་ཡུལ་ནི་ཡོངས་སུ་བསྲེགས་ཏེ། མི་རྣམས་བུད་ཤིང་བཞིན་དུ་འགྱུར་འོང་པས། སུས་ཀྱང་རང་གི་སྤུན་ཟླའི་ངོར་ལྟ་བར་མི་འགྱུར། ༢༠ མིས་ལག་གཡས་པར་འཕྲོག་ནའང་ལྟོགས་འོང་། ལག་གཡོན་པར་ཟ་ཡང་འགྲང་བར་མི་འགྱུར། རེ་རེ་ཡིས་རང་གི་ཕྲག་པའི་ཤ་ཟ་བར་འགྱུར། ༢༡ མ་ན་ཤེ་ཡིས་ཨེབ་ར་ཨིམ་དང་། ཨེབ་ར་ཨིམ་གྱིས་མ་ན་ཤེ་དང་། དེ་གཉིས་འགྲོགས་ནས་ཡ་ཧུ་དཱ་ལ་རྒོལ་བར་འགྱུར། དེ་ཐམས་ཅད་ཀྱི་སྟེང་དུའང་ཁོང་གི་ཐུགས་ཁྲོ་མ་ཞི་བར། ད་དུང་ཡང་ཁོང་གི་ཕྱག་བརྐྱངས་ནས་མཆིས་སོ༎