ཨུ་ཟི་ཡཱའི་བུ་ཡོ་ཐམ་སྟེ། དེའི་བུ་ཨ་ཧས་བྱ་བའི་ཡ་ཧུ་དཱའི་རྒྱལ་པོའི་རིང་དུ་བྱུང་བར་གྱུར་པ་ནི། ཨ་རམ་གྱི་རྒྱལ་པོ་རེ་ཙིན་དང་ཨིས་ར་ཨེལ་གྱི་རྒྱལ་པོ་རེ་མལ་ཡཱའི་བུ་པེ་ཀཱ་གཉིས་མཉམ་དུ་ཡེ་རུ་ཤ་ལེམ་ལ་འཐབ་ཏུ་སོང་ཡང་། མ་ཐུབ་བོ།  དེའི་ཚེ་དཱ་བིད་ཀྱི་གདུང་འཛིན་ལ། ཨ་རམ་པས་ཨེབ་ར་ཨིམ་ར་མདར་སྦྲན་ནས་འོང་ངོ་ཞེས་པའི་ཕྲིན་བཤད་པ་དང་། རླུང་དྲག་གིས་ནགས་ཚལ་གྱི་ཤིང་བསྐྱོད་པ་ལྟར། དེའི་སྙིང་དང་འབངས་ཀྱི་སྙིང་འཁྲུགས་པར་གྱུར་ཏོ།  དེར་ཡ་ཧོ་ཝཱས་ཡེ་ཤ་ཡཱ་ལ་བཀའ་སྩལ་པ། ད་ཁྱོད་ཀྱིས་རང་གི་བུ་ཤེ་ཨར་ཡ་ཤུབ་ཁྲིད་དེ། འཁྲུད་མཁན་གྱི་ཞིང་གི་ལམ་ན་ཡོད་པའི་རྫིང་གོང་མའི་ཁྲི་ཡུར་གྱི་མཇུག་ཏུ། ཨ་ཧས་དང་འཕྲད་དུ་སོང་ནས།  དེ་ལ། དེ་རེ། སེམས་ལྷོད་ཀྱི་སྡོད་ཅིག་དང་། ཨ་རམ་པའི་རེ་ཙིན་དང་། རེ་མལ་ཡཱའི་བུའི་ཁོང་ཁྲོ་འབར་བའི་མགལ་ཐོའི་དུ་བའི་རྔ་མ་གཉིས་ལ་མ་འཇིགས། སྙིང་ཡང་འཁྲུགས་པར་མ་གྱུར་ཅིག  གང་ལ་ཞེ་ན། ཨ་རམ་དང་ཨེབ་ར་ཨིམ་དང་རེ་མལ་ཡཱའི་བུས་ཁྱོད་ཀྱི་ཕྱིར་དུ་གྲོས་ངན་བྱེད་ཅིང་།  ཚུར་ཤོག་ལ། ཡ་ཧུ་དཱ་ལ་དམག་དྲངས་ཏེ་དེ་དག་སྐྲག་པར་བྱེད་ཅིང་། ངེད་རང་གི་དོན་དུ་གློ་བརྟོལ་ཏེ་དེའི་དབུས་སུ་ཏ་བེ་ཨལ་གྱི་བུ་རྒྱལ་པོར་སྐོ་བར་བྱའོ་ཞེས་ཟེར་བས་ན།  ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། གྲོས་དེ་མི་གནས་ཤིང་། དོན་ཡང་འགྲུབ་པར་མི་འགྱུར།  གང་ལ་ཞེ་ན། ཨ་རམ་གྱི་མགོ་ནི་ད་མཱ་སེག་དང་། ད་མཱ་སེག་གི་མགོ་ནི་རེ་ཙིན་རང་ཡིན། ཡང་ལོ་དྲུག་ཅུ་རེ་ལྔའི་ནང་དུ་ཨེབ་ར་ཨིམ་ནི་མི་བརྒྱུད་དུ་མི་ལུས་པ་ཙམ་དུ་ཆག་པར་འགྱུར།  ཨེབ་ར་ཨིམ་གྱི་མགོ་ནི་ས་མར་ཡཱ་དང་། ས་མར་ཡཱའི་མགོ་ནི་རེ་མལ་ཡཱའི་བུའོ། ཇི་སྟེ་ཁྱོད་མི་དད་ན། སྲན་འཚུགས་པར་མི་འགྱུར་བ་ངེས་སོ་ཞེས་གསུངས་སོ༎
༡༠ སླར་ཡང་ཡ་ཧོ་ཝཱས་ཨ་ཧས་ལ་གསུང་གླེང་མཛད་དེ་འདི་སྐད་དུ། ༡༡ རང་གི་དཀོན་མཆོག་ཡ་ཧོ་ཝཱ་ལས་ལྟས་ཤིག་ཞུ་བར་བྱོས། དེའང་འོག་གི་ས་འམ་སྟེང་གི་དབྱིངས་ཀྱི་ནང་ནས་ཞུ་བར་བྱོས་ཤིག་གསུངས་པ་དང་། ༡༢ ཨ་ཧས་ཀྱིས། ངས་ཞུ་བར་མི་བྱ། ཡ་ཧོ་ཝཱའི་ཐུགས་ཀྱང་སད་པར་མི་བྱའོ་ཞེས་ཞུས་པ་ལས། ༡༣ ལུང་སྟོན་པས། ཀྱེ་དཱ་བིད་ཀྱི་གདུང་བརྒྱུད་ཚུར་གསན་དང་། མི་རྣམས་བསུན་དུ་འཇུག་པ་ནི་ཁྱེད་ལ་ལས་སླ་ཡང་། ཁྱེད་ཀྱིས་ངའི་དཀོན་མཆོག་གི་ཐུགས་ཀྱང་བསུན་དུ་འཇུག་བར་བྱའམ། ༡༤ དེ་བས་ན་གཙོ་བོ་ཉིད་ཀྱིས་ཁྱེད་ལ་ལྟས་ཤིག་སྟོན་པར་བྱ། ཀྱེ་ཧོ། ན་ཆུང་མངལ་དང་ལྡན་ཏེ་བུ་བཙས་ནས། མིང་ནི་ཨིམ་མ་ནུ་ཨེལ་དུ་བཏགས། ༡༥ ངན་པ་འདོར་བ་དང་བཟང་པོ་བླང་བའི་འདུ་ཤེས་འབྱུང་པའི་ཚེ་ན། ཞོ་དང་སྦྲང་རྩི་ལ་སྤྱོད་པར་འགྱུར། ༡༦ འོན་ཀྱང་ཕྲུ་གུ་འདི་ལ་ངན་པ་འདོར་པ་དང་བཟང་པོ་བླང་བའི་འདུ་ཤེས་མ་རྙེད་གོང་དུ། ཁྱེད་འཇིགས་པའི་རྒྱལ་པོ་གཉིས་པོའི་ཡུལ་དེ་སྟོངས་པར་འགྱུར་རོ། ༡༧ ཡ་ཧོ་ཝཱས་ཁྱེད་དང་། ཁྱེད་ཀྱི་འབངས་དང་། ཁྱེད་ཀྱི་ཕ་སྤད་ཀྱི་ཁར། ཨེབ་ར་ཨིམ་དང་ཡ་ཧུ་དཱ་སོ་སོར་སོང་བ་ནས་དེ་རིང་གི་བར་དུ་ནམ་ཡང་མ་བྱུང་བའི་དུས་སམ། ཨ་སུར་གྱི་རྒྱལ་པོ་འདྲེན་པར་འགྱུར།
༡༨ ཡང་དུས་དེར་འབྱུང་རྒྱུ་ནི། ཡ་ཧོ་ཝཱས་མི་སེར་གྱི་གཙང་པོ་རྣམས་ཀྱི་མཐའ་ནས་སྦྲང་བུ་དང་། ཨ་སུར་ཡུལ་གྱི་ནང་ནས་སྦྲང་མ་ལ་ཤུགས་སྒྲས་འགུག་འོང་བས། ༡༩ དེ་དག་ཐམས་ཅད་འོངས་ཏེ་ལུང་སྟོང་དང་། བྲག་སྲུབས་དང་། ཚེར་མ་ཐམས་ཅད་དང་རྩྭ་ཁ་ཐམས་ཅད་ཁྱབ་པར་བྱའོ། ༢༠ ཉིན་མོ་དེ་ཉིད་དུ་ཡ་ཧོ་ཝཱས་ཆུ་བོའི་ཕ་རོལ་ནས་གཡར་བར་བྱས་པའི་སྐྲ་གྲིའམ། ཨ་སུར་རྒྱལ་པོ་རྒྱུད་ནས། མགོ་དང་རྐང་པའི་སྤུ་འབྲེག་ཅིང་སྨ་ར་ཡང་བཞར་བར་བྱའོ། ༢༡ ཡང་ཉིན་མོ་དེར་མི་ཞིག་གིས་བ་གསར་ཞིག་དང་ལུག་གཉིས་གསོ་ན། ༢༢ འོ་མ་མངས་ཤིང་ཞོ་ལ་སྤྱོད་པར་འགྱུར། གང་ལ་ཞེ་ན། ཡུལ་ན་ལུས་པ་ཀུན་གྱིས་ཞོ་དང་སྦྲང་རྩི་ལ་སྤྱོད་པར་འགྱུར་རོ། ༢༣ གཞན་ཡང་ཉིན་མོ་དེར་རྒུན་ཤིང་སྟོང་ཕྲག་གཅིག་ཡོད་པའི་དངུལ་སྟོང་ཕྲག་གཅིག་རི་པའི་ས་ཁྱད་ཀུན་ཚེར་མ་དང་ལྗང་ཚེར་དུ་འགྱུར་འོང་། ༢༤ ཡུལ་ཁམས་དེ་ཐམས་ཅད་ཚེར་མ་དང་ལྗང་ཚེར་དུ་སོང་ཡོད་པས། མི་རྣམས་མདའ་གཞུ་ཐོགས་ནས་དེར་འོང་བར་འགྱུར། ༢༥ ཡང་སྔར་ཏོག་ཙེས་བརྐོས་ཡོད་པའི་རི་ཕྲན་རྣམས་ཀྱི་ཁར་ཁྱོད་ཚེར་མ་དང་ལྗང་ཚེར་ལ་འཇིགས་ནས་འཛེགས་པར་མི་འགྱུར་གྱི། བ་གླང་གི་འཚོ་སར་གྱུར་ཏེ། ར་ལུག་གིས་རྫི་བར་འགྱུར་རོ༎