༥
ད་ལྟ་ངས་རང་གི་གཅེས་པ་ལ། དེའི་རྒུན་ཚལ་ལ་འཁོ་བའི་ངའི་གཅེས་པའི་དབྱངས་ཤིག་ལེན་པར་བྱ། ས་བཅུད་ཅན་གྱི་རི་བོར་ངའི་གཅེས་པའི་རྒུན་ཚལ་འདུག་སྟེ། ༢ ཁོང་གིས་དེ་ལ་ཁྲུ་སློག་བཏང་སྟེ། རྡོ་རྣམས་བཏོན་ནས། རྒུན་བཟང་ཤོས་བཙུགས། གཞུང་ལ་སྤེའུ་ཞིག་བརྩིགས། འཆག་གཞོང་ཞིག་ཀྱང་འབྲུས་ཏེ། རྒུན་འབྲུམ་ཆགས་པའི་ཕྱིར་བསྒུགས་ཀྱིས། རྒུན་འབྲུམ་ངན་པ་ཆགས་སོ༎༣ ད་ཀྱེ་ཡེ་རུ་ཤ་ལེམ་པ་དང་ཡ་ཧུ་དཱ་པ་རྣམས། ང་དང་ངའི་རྒུན་ཚལ་གཉིས་ཀྱི་བར་ན་ཁྱོད་རང་གིས་གཤགས་བྱོས་ཤིག ༤ ངས་རང་གི་རྒུན་ཚལ་གྱི་ནང་དུ་བྱས་ཟིན་པ་ལས་ལྷག་པར་ཅི་བྱེད་པར་ནུས། དེ་ནས་ངས་རྒུན་འབྲུམ་གྱི་ཕྱིར་བསྒུགས་པ་ལས། ཅི་ལ་རྒུན་ངན་པ་ཆགས་པ་ཡིན། ༥ ད་ལྟོས་ཤིག ངས་རང་གི་རྒུན་ཚལ་ལ་བྱེད་རྒྱུ་དེ་ཁྱོད་ལ་འཆད་པར་བྱ། ངས་དེའི་ཚེར་ཐག་ཐེན་ནས་མེད་པར་བྱས་ཏེ། ལྕགས་རི་རློགས་ནས་རྐང་གདག་ལ་གཏང་ངོ་། ༦ ཡང་ངས་དེ་སྟོངས་པར་བྱ་བ་དང་། དེ་བསལ་བའམ་རྐོ་བར་མི་འགྱུར་བར། སེ་བའི་ཚེར་མ་དང་། ལྗང་ཚེར་སྐྱེ་བར་འགྱུར། དེར་ཆར་པ་མི་འབེབ་པའི་ཕྱིར་ངས་སྤྲིན་ལ་བཀའ་སྒོ་བར་བྱའོ། ༧ དེའང་དཔུང་ཆེན་གྱི་ཡ་ཧོ་ཝཱའི་རྒུན་ཚལ་ནི་ཨིས་ར་ཨེལ་གྱི་བརྒྱུད་དང་། ཡ་ཧུ་དཱའི་སྐྱེ་བོ་དག་ནི་ཁོང་གི་ཐུགས་སུ་འབྱོན་པའི་ལྗོན་པ་ལགས་ཏེ། ཁོང་ཁྲིམས་དྲང་པོའི་ཕྱིར་བསྒུགས་ཀྱིས། ཀྱེ་ཧོ། ཁྲག་གཟག་པ་འདུག ཆོས་དྲང་པོའི་ཕྱིར་བསྒུགས་ཀྱིས། ཀྱེ་ཧོ། སྨྲེ་སྔགས་གདའ་འོ༎
༨ ས་གཞིའི་དབུས་སུ་ཁྱོད་གཅིག་པུ་ལུས་པའི་ཕྱིར་ས་ཆ་གང་ཡང་མ་ལུས་པའི་བར་དུ། ཁྱིམ་ལ་ཁྱིམ་དང་ཞིང་ལ་ཞིང་སྲེ་བ་དག་ལ་བཀྲ་མི་ཤིས། ༩ དཔུང་ཆེན་གྱི་ཡ་ཧོ་ཝཱས་ངའི་རྣ་བར་འདི་སྐད་དུ། ཁྱིམ་མང་པོ་སྟོངས་ནས། ཆེན་པོ་དང་ལེགས་པོ་རྣམས་ན་ཡང་མི་རྣམས་ཟད་པར་འགྱུར་བ་ནི་བདེན་ཚིག་སྟེ། ༡༠ འོ་ན་དོར་བཅོ་ལྔའི་རྒུན་ཚལ་ལས་རྒུན་ཆང་གླུམ་རྫ་གཅིག་དང་། ས་བོན་ཁལ་གཅིག་ལས་བྲེ་གང་གི་འོངས་འཐོན་པར་འགྱུར་རོ༎
༡༡ ཆང་གར་བ་འཚོལ་དུ་སྔ་དྲོ་སྔ་མོར་ལང་སྟེ། མཚན་མོ་ལ་ཡང་རྒུན་ཆང་གིས་མ་སྲེག་པའི་བར་དུ་ཆད་མེད་བཏུང་བ་རྣམས་བཀྲ་མི་ཤིས། ༡༢ དེ་དག་གི་མགྲོན་གྱི་ནང་ན་པི་ཝང་དང་། ཀོ་ཕོངས་དང་། རྔ་དང་། གླིང་བུ་དང་། རྒུན་ཆང་བཅས་ཡོད་རུང་། ཡ་ཧོ་ཝཱའི་ཕྲིན་ལས་ལ་སྒོམ་པའམ། ཁོང་གི་ཕྱག་གི་མཛད་པ་ལ་མི་ལྟའོ༎
༡༣ དེའི་སླད་དུ་ངའི་མི་བརྒྱུད་ཧུན་མེད་ལ་ཡོད་མཚམས་སུ་བཙོན་དུ་ཡལ། དེའི་ཡ་རབས་རྣམས་ལྟོགས་པས་ཤི། དེའི་མི་དམངས་རྣམས་སྐོམས་པས་ཤིའོ། ༡༤ དེའི་ཕྱིར་དུ་གཤིན་ཁམས་ཀྱིས་རང་ཆེ་བར་བྱས་ཏེ། ཁ་དཔག་མེད་གདང་བས། དེ་དག་གི་དཔལ་དང་། དེ་དག་གི་ཚོགས་དང་། རྔམ་བརྗིད་དང་། དེའི་ནང་སྐྱིད་པ་ཀུན་དེར་ལྟུང་བར་འགྱུར། ༡༥ མི་ཐ་མལ་པ་མར་དབབ་ཅིང་། མི་སྟི་སྟང་ཆེ་བ་དག་ཀྱང་ཐུར་དུ་འབེབས་ཤིང་། ཁེངས་དྲེགས་ཅན་གྱི་མིག་རྩ་ལྷོད་པར་འགྱུར། ༡༦ འོན་ཀྱང་དཔུང་ཆེན་གྱི་ཡ་ཧོ་ཝཱ་ནི་ཞལ་ཆེ་བའི་ནང་དུ་དབུ་རྨོག་མཐོ་ཞིང་། དམ་པའི་དཀོན་མཆོག་དྲང་བ་ཉིད་ཀྱི་ངང་ན་དམ་པར་འགྱུར།
༡༧ དེ་ནས་ལུ་གུས་གང་འཐད་ནས་རྩྭ་ཟ་ཞིང་། རྒྱལ་ཁམས་པས་ཕྱུག་པོའི་སྟོང་ཞིང་ཟ་བར་འགྱུར་རོ༎
༡༨ སྙིང་པོ་མེད་པའི་ཐ་གུས་ངན་པ་དང་། ཤིང་རྟའི་ཐག་པའི་ཚུལ་དུ་ཉེས་སྡིག་འདྲེན་པ་དག་བཀྲ་མི་ཤིས། ༡༩ དེ་དག་གིས། ངེད་ཀྱིས་མཐོང་དུ་ཁོང་གིས་ཐུགས་མྱུར་མཛད་ཅིང་། ཕྲིན་ལས་ལ་ལག་ཤོག་མཛོད་ཅིག་དང་། ངེད་ཀྱིས་རྟོགས་སུ། ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱི་ཐུགས་གྲོས་ཉེ་བར་འབྱོན་ཞིང་། ཕེབས་པར་ཤོག་ཅིག་ཅེས་ཟེར་རོ༎
༢༠ ངན་པ་ལ་བཟང་པོ་དང་། བཟང་པོ་ལ་ངན་པ་ཟེར་ཞིང་། འོད་ཀྱི་ཚབ་ཏུ་མུན་པ་དང་། མུན་པའི་ཚབ་ཏུ་འོད་འཇོག་ཅིང་། མངར་མོའི་ཚབ་ཏུ་རོ་ཁ་བ་དང་། རོ་ཁ་བའི་ཚབ་ཏུ་མངར་མོ་འཇོག་པ་རྣམས་ལ་བཀྲ་མི་ཤིས།
༢༡ རང་གི་མིག་ནང་མཁས་པ་ཡིན་པ་དང་། རང་གི་མཐོང་སྣང་ལ་མཛངས་གྲུང་ཡིན་པ་རྣམས་བཀྲ་མི་ཤིས། ༢༢ རྒུན་ཆང་འཐུང་དུ་དཔའ་བོ་དང་། ཆང་གར་བ་སྨེད་དུ་གྱད་པ་དང་། ༢༣ ཕག་སུག་གི་ཕྱིར་ཆོས་མེད་མི་ནི་ཆོས་དྲང་པོར་བྱེད་ཅིང་། ཆོས་དྲང་པོ་ལ་རིགས་པ་འཕྲོག་པ་རྣམས་བཀྲ་མི་ཤིས།
༢༤ དེ་བས་ན་ཇི་ལྟར་མེ་ལྕེས་སོག་རོ་ཟ་ཞིང་། འབར་བའི་མེས་རྩྭ་སྐམ་པོ་འཇོམས་པ་དང་འདྲ་བར། དེ་དག་གི་རྩྭ་བ་རུལ་ཏེ། རྡུལ་ལྟར་དེ་དག་གི་མེ་ཏོག་ལྡང་བར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་ཁྲིམས་ལ་བརྙས་ཏེ། ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱི་བཀའ་མཆིད་ལ་ཁྱད་དུ་སད་པའི་ཕྱིར་རོ། ༢༥ དེའི་རྐྱེན་གྱིས་ཉིད་ཀྱི་མི་བརྒྱུད་ཀྱི་ཐོག་ཏུ་ཡ་ཧོ་ཝཱའི་ཐུགས་ཁྲོ་འབར་ཞིང་། དེ་དག་གི་ཁར་ཕྱག་བརྐྱངས་ནས་བརྡུངས་པ་དང་། རི་བོ་རྣམས་འདར་ཏེ། མི་གཙང་བ་བཞིན་དུ་དེ་དག་གི་རི་བོ་རྣམས་ལམ་སྲང་གི་དཀྱིལ་ན་འདུག དེ་ནས་ཀྱང་ཁོང་གི་ཐུགས་ཁྲོ་མ་ཞི་བར། ད་དུང་ཡང་ཕྱག་བརྐྱངས་ནས་མཆིས་སོ༎
༢༦ དེ་བས་ན་ཁོང་གིས་མི་རིགས་རྣམས་ལ་ས་ཐག་རིང་པོ་ནས་འཕྱར་དར་ཞིག་སྒྲེང་བར་མཛད་ཅིང་། ཤུགས་སྒྲ་རྒྱབ་ཅིང་ས་མཐའ་ནས་དེ་དག་ལ་འབོད་པས། ལྟོས་ཤིག དེ་དག་རྒྱུག་གིན་མགྱོགས་པར་འོང་ངོ་། ༢༧ དེ་དག་གི་ནང་ནས་གང་ཡང་མི་ངལ། མི་འབུབ་སྟེ། གང་ཡང་གཉིད་མི་གཡུར་གཉིད་ཀྱང་མི་ལོག སྐ་རགས་ཀྱང་མི་འགྲོལ། ལྷམ་སྒྲོག་ཀྱང་མི་ཆད། ༢༨ དེ་དག་གི་མདའ་མོ་རྣམས་རྣོན་པོ་དང་། གཞུ་ཐམས་ཅད་སྐྱིལ་བསྐྱིལ་པ་ལ་འདུག དེ་དག་གི་རྟ་རྣམས་ཀྱི་རྨིག་པ་ནི་ལྕགས་རྡོ་ལྟ་བུ་དང་། འཁོར་ལོ་རྣམས་རླུང་ཚུབ་དང་འདྲ་བ་བརྩིས་པ་ཡིན། ༢༩ དེ་དག་གི་སྐད་ནི་སེང་གེ་ལས་ཀྱང་། སེང་དར་མ་རྣམས་ཀྱི་ངར་སྐད་དང་འདྲ་བར་འབྱིན། འོ་ན། དེ་དག་གི་ཤུགས་ངར་འདོན་གྱིན་ལིངས་འཛིན་ཞིང་། ཐོགས་པ་མེད་པ་འཁྱེར་འོང་གི། སྒྲོལ་མཁན་སུ་ཡང་མེད། ༣༠ ཞག་དེར་དེ་དག་གིས་ཁོ་རྣམས་ལ་རྒྱ་མཚོའི་ཀུ་སྒྲ་ལྟ་བུའི་ངར་སྐད་གདོན་ནོ། ཡང་སུས་ས་གཞི་ལ་ལྟ་ན། ཀྱེ་ཧོ། མུན་པའི་སྨག་རུམ་དང་། འུ་ཐུག་པ་དང་། འོད་ནི་དེའི་སྤྲིན་གྱི་ནང་ན་འགྲིབ་པར་བྱེད་དོ༎