ངའི་ལྕམ། ངའི་གཏན་གྲོགས། རང་གི་ཚལ་དུ་འོངས་ཏེ། ངས་རང་གི་ཛ་ཊ་མམ་སི་དང་བཅས་སྤོད་ཀྱང་བསྡུས་པ་ཡིན། ངས་རང་གི་སྦྲང་མཁར་དང་བཅས་སྦྲང་རྩི་ཡང་བཟས་པ་ཡིན། ངས་རང་གི་རྒུན་སྐྱེམ་དང་བཅས་འོ་མ་ཡང་བཏུང་བ་ཡིན། ཀྱེ་ངའི་མཛའ་བོ་རྣམས། བཞེས་ཤིག ཀྱེ་ཡིད་གྲོགས་མཆོད་ཅིག འོ་ན། མང་དུ་མཆོད་ཅིག
 ང་གཉིད་ལོག་རུང་། ང་སྙིང་ལ་གཉིད་མེད། ངའི་མགོ་ཟིལ་པས་གང་སྟེ། མཚན་མོའི་ཟིལ་པས་ངའི་སྐྲ་ལོ་བངས་ཡོད་པས། ང་ལ་སྒོ་མོ་ཕྱེས་ཤིག ངའི་ལྕམ། ངའི་ཡིད་གྲོགས། ངའི་ཕུག་རོན། ངའི་གཙང་མ། ཞེས་ཟེར་གྱིན་སྒོ་རྡུང་བ་ནི་ངའི་ཡིད་གྲོགས་ཀྱི་གསུང་སྐད་ལགས།
 ངས་རང་གི་གོས་ཕུད་ཟིན་པས། ཡང་ངས་དེ་ཇི་ལྟར་གྱོན། ངས་རང་གི་རྐང་པ་བཀྲུས་ཡོད་པས། ཡང་ངས་དེ་ཇི་ལྟར་བཙོག་པར་བྱ།
 ངའི་ཡིད་གྲོགས་ཀྱིས་སྒོ་ཁུང་ལས་ཕྱག་བརྐྱངས་པ་དང་། ཁོང་གི་དོན་དུ་ངའི་སྙིང་ཐུག་ཐུག་འགུལ་བྱུང་།  ངའི་ཡིད་གྲོགས་ལ་སྒོ་མོ་འབྱེད་དུ་ལངས་པ་ལས། ངའི་ལག་པ་གཉིས་ལས་ཛ་ཊ་མམ་སི་དང་ངའི་མཛུབ་མོ་རྣམས་ལས་ཛ་ཊ་མམ་སིའི་དྲི་བཟང་སྒོ་ལྕགས་ཀྱི་ཡུ་བའི་ཁར་ཐིགས།  ངའི་ཡིད་གྲོགས་ལ་སྒོ་ཕྱེ་སྟེ། ངའི་ཡིད་གྲོགས་ལོག་སོང་ནས་མེད་པ་ཡིན། ཁོང་གླེང་དུས་ངའི་སྙིང་སྟོར། ངས་བཙལ་ཡང་ཁོང་མ་ཐོབ། ངས་བོས་ཀྱང་ཁོང་གིས་ལན་མ་བཏབ།  གྲོང་ཁྱེར་ལ་འཁོར་བའི་བྱ་ར་བ་རྣམས་དང་བདག་ཕྲད་པ་དང་། དེ་དག་གིས་བདག་ལ་བརྡུངས་ནས་རྨས་སུ་བཅུག ལྕགས་རིའི་སོ་པ་རྣམས་ཀྱིས་ངའི་གདོང་ཁེབས་དེ་བཤུས་ནས་ཁྱེར།  ཀྱེ་ཡེ་རུ་ཤ་ལེམ་གྱི་བུ་མོ་རྣམས། གལ་ཏེ་ཁྱེད་ཚོ་ངའི་ཡིད་གྲོགས་དང་ཕྲད་ན། བདག་ནི་གདུང་བའི་ནད་ཀྱིས་ཟིན་པའི་ཞུ་ལོན་ཁོང་ལ་སྐྱེལ་དུ་མནའ་འགེལ་ལོ༎
 གཞན་ཡིད་གྲོགས་ལས་ཁྱོད་ཀྱི་ཡིད་གྲོགས་དེ་ལྷག་པ་ཅི་ཡོད། ཀྱེ་བུད་མེད་ནང་གི་ཁྲོམ་ཐོག་ཆོད་པ་ལགས། ང་ཚོ་ལ་དེ་འདྲའི་མནའ་འགེལ་བས། ཁྱོད་ཀྱི་ཡིད་གྲོགས་དེ་གཞན་ཡིད་གྲོགས་ལས་ལྷག་པ་ཅི་ཞིག་རང་ཡོད།
༡༠ ངའི་ཡིད་གྲོགས་དེ་དཀར་ལ་དམར་བ་ཡོད། ཁྲི་ཚོའི་ནང་གི་གཙོ་བོ་ཡིན། ༡༡ ཁོང་གི་དབུ་གསེར་བཙོ་མའི་ནང་གི་བཙོ་མ་ལྟ་བུ་ཡོད། དབུ་སྐྲ་འཁྱིལ་ཞིང་ཕོ་རོག་ལྟར་ནག་པོ་ཡོད། ༡༢ ཁོང་གི་སྤྱན་ནི་མཛེས་ཤིང་། གཙང་འགྲམ་དུ་འོ་མའི་ནང་ཁྲུས་རོལ་བའི་ཕུག་རོན་དང་མཚུངས། ༡༣ ཁོང་གི་ཁུར་མཚོས་ནི་མེ་ཏོག་གི་ཚས་ཁང་དང་། བལ་སམ་གྱི་ཚས་ཁང་དང་འདྲ། ཁོང་གི་མཆུ་ནི་ཛ་ཊ་མམ་སིའི་རྩི་བཅུད་འཛག་པའི་པདྨ་དང་མཚུངས། ༡༤ ཕྱག་ནི་གཡང་ཀྲི་ཡིས་བརྒྱན་པའི་གསེར་གྱི་གདུབ་བུ་དང་། སྐུ་གཟུགས་ནི་ནི་ལིམ་གྱིས་བརྒྱན་པའི་བ་སོ་ལྷག་གེ་བ་དང་མཚུངས། ༡༥ རྐང་པ་གཉིས་པོ་ནི་གསེར་བཟང་པོའི་ཞབས་གདན་ཁར་ཡོད་པའི་རྡོ་ཀ་མ་རུའི་ཀ་བ་དང་མཚུངས། ཁོང་ནི་ལི་བ་ནོན་དང་། འགྱམ་ཤིང་ལྟར་ལྗིད་དང་ལྡན། ༡༦ ཁོང་གི་གཏམ་རབ་ཏུ་སྙན་ཞིང་། རྣམ་པ་ཐམས་ཅད་དུ་ཡིད་དུ་འོང་བ་ལགས། ཀྱེ་ཡེ་རུ་ཤ་ལེམ་གྱི་བུ་མོ་རྣམས། དེ་ཉིད་ནི་ངའི་སེམས་ཀྱི་ཉེ་མོ་དང་། ངའི་ཡིད་གྲོགས་དེ་ལགས་སོ༎