༣
མཚན་མོར་རང་གི་མལ་ཁྲིར་ངའི་སེམས་ཆགས་པ་ཁོང་བཙལ་ནས་མ་ཐོབ་པས། ༢ ད་ང་ལངས་ནས། གྲོང་ཁྱེར་གྱི་ལམ་སྲང་རྣམས་དང་། རྒྱ་ལམ་རྣམས་ན་འཁོར་ཞིང་། རང་གི་ཡིད་གྲོགས་འཚོལ་བར་བྱ། ངས་བཙལ་ནས་ཀྱང་ཁོང་རྙེད་མ་བྱུང་། ༣ གྲོང་ཁྱེར་ལ་འཁོར་བའི་བསྲུང་མཁན་དག་དང་ང་ཕྲད་དེ། ཁྱོད་ཀྱིས་ངའི་ཡིད་གྲོགས་དེ་མ་མཐོང་ངམ་ཞེས་དྲིས་པས། ༤ དེ་དག་ལས་ཅུང་ཟད་ཕར་ཆས་པ་དང་། རང་གི་ཡིད་གྲོགས་དང་ཕྲད་དེ། ངས་ཁོང་བཟུང་སྟེ། རང་གི་མའི་ཁྱིམ་ནང་། བདག་མངལ་དུ་ཁུར་བའི་གཟིམ་ཆུང་གི་ནང་དུ། མ་འཁྱེར་བར་དུ་འབུད་དུའང་མ་བཅུག༥ ཀྱེ་ཡེ་རུ་ཤ་ལེམ་གྱི་བུ་མོ་རྣམས། ངའི་ཡིད་གྲོགས་ཐུགས་དགྱེས་ནས་མ་བཞེངས་པའི་བར་དུ། ཁོང་མི་སློང་བ་དང་། མནལ་ཡང་མི་སད་པའི་དོན་དུ། ཁྱེད་ཚོ་ལ་གནའ་མོ་དང་རིའི་ཤ་མོའི་མནའ་ཞིག་ངས་འགེལ་ལོ༎
༦ ཛ་ཊ་མམ་སི་དང་། སྤོས་དཀར་དང་། ཚོང་པ་རྣམས་ཀྱི་སྤོས་ཕྱེ་ཐམས་ཅད་ཀྱི་དྲི་བཟང་དང་ལྡན་ཞིང་། འབྲོག་སྟོང་གི་ནང་ནས་དུ་བའི་ཀ་བ་ལྟར་ཚུར་བྱོན་པ་དེ་སུ་ལགས། ༧ ཀྱེ་ཧོ། དེ་ནི་ཤ་ལོ་མོའི་འཁྱོགས་དཔྱང་སྟེ། ཨིས་ར་ཨེལ་གྱི་དཔའ་བོ་རྣམས་ལས་དཔའ་བོ་དྲུག་ཅུ་དེ་ལ་འཁོར། ༨ དེ་ཀུན་གྱིས་རལ་གྲི་འཆང་ཞིང་། དམག་གི་རྩལ་དང་ལྡན། མཚན་མོའི་འཇིགས་པའི་རྐྱེན་གྱིས་རེ་ཡིས་རང་གི་རལ་གྲི་དཔྱི་ལ་བཏགས་ནས་འདུག
༩ རྒྱལ་པོ་ཤ་ལོ་མོ་ཉིད་ཀྱིས། ལི་བ་ནོན་གྱི་ཤིང་ལས་འཁྱོགས་དཔྱང་ཞིག་བཟོས། ༡༠ ཁོང་གིས་དེའི་ཀ་བ་རྣམས་དངུལ་དང་། མཐིལ་དེ་གསེར་དང་། འབོལ་གདན་ནི་རྒྱ་སྨུག་ལས་བཟོས། དེའི་ནང་ཡེ་རུ་ཤ་ལེམ་གྱི་བུ་མོ་རྣམས་ཀྱི་གདུང་སེམས་ཀྱིས་བརྒྱན། ༡༡ ཀྱེ་ཙི་ཨོན་གྱི་བུ་མོ་རྣམས། ཕྱི་རོལ་ཏུ་ཐོན་ལ་རྒྱལ་པོ་ཤ་ལོ་མོ་ཡི་བག་སྟོན་གྱི་ཉིན་མོར། དེའི་སྙིང་དགའ་མགུ་བའི་ཞག་ལ་ཡུམ་གྱིས་བསྐོན་པའི་ཅོད་པན་གྱིས་བརྒྱན་པ་ལ་ལྟོས་ཤིག།