༢
ང་ནི་ཤཱ་རོན་གྱི་སེ་བའི་མེ་ཏོག་དང་། རོང་རྣམས་ཀྱི་དྲེས་མའི་མེ་ཏོག་ཡིན།༢ ཚེར་ཁྲོད་ཀྱི་དྲེས་མ་ལྟར། ངའི་སྲོག་ཀྱང་བུ་མོ་རྣམས་ཀྱི་ཁྲོད་དུ་ལགས།
༣ ནགས་གསེབ་ན་ཀུ་ཤུ་ཤིང་ལྟ་བུར། ངའི་སྲོག་དེ་བུ་ཚོའི་གསེབ་ན་ཡོད། བདག་རབ་ཏུ་དགའ་ཞིང་ཁོང་གི་གྲིབ་བསིལ་དུ་བསྡད་པ་དང་། ངའི་དཀན་ལ་ཁོང་གི་ཤིང་ཐོག་ཤིན་ཏུ་མངར་མོ་བྱུང་། ༤ ཁོང་གིས་བདག་རྒུན་ཆང་ཁང་དུ་ཁྲིད་དེ། ངའི་ཁར་ཡོད་པའི་གདུགས་ནི་ཁོང་གི་གདུང་སེམས་དེ་ཡིན། ༥ བདག་ལ་གདུང་སེམས་ཀྱི་ནད་བཏབ་པས། རྒུན་འབྲུམ་གྱི་བག་ལེབ་ཀྱིས་བདག་བདེ་རུ་མཛོད། ཀུ་ཤུས་བདག་གི་སེམས་དེ་གསོ་བར་མཛོད།
༦ ཁོང་གི་ཕྱག་གཡོན་པ་བདག་གི་མགོ་འོག་ཡོད། ཕྱག་གཡས་པས་བདག་ལ་འཁྱུད།
༧ ཀྱེ་ཡེ་རུ་ཤ་ལེམ་གྱི་བུ་མོ་རྣམས། ངའི་སྲོག་ཐུགས་དགྱེས་ཏེ་མ་བཞེངས་པའི་བར་དུ། ཁྱེད་ཚོས་ཁོང་གི་མནལ་སད་ནས་མི་སློང་བའི་ཕྱིར། ངས་ཁྱེད་ལ་གནའ་མོ་དང་རིའི་ཤ་མོའི་མནའ་འགེལ་ལོ༎
༨ ངའི་སྲོག་གི་གསུང་སྐད་ལ་གསན། ལྟོས་ཤིག ཁོང་རི་བོ་རྣམས་ལས་མཆོང་གིན། རི་ཕྲན་རྣམས་ལས་དཀྱུ་ཡིན་ཚུར་འབྱོན་གྱིན་འདུག ༩ ངའི་སྲོག་ནི་གནའ་དང་ཤ་བ་འདྲའོ། ལྟོས་ཤིག ཁོང་ངེད་ཀྱི་རྩིག་འདབ་ན་བཞེངས། དཀར་ཁུང་ལས་གཟིགས་ཤིང་། ཤིང་དྲ་ལས་མཇལ་ཁ་གནང་། ༡༠ ངའི་ཡིད་གྲོགས་ཀྱིས་ང་ལ་གསུང་གླེང་ཞིང་།
བདག་ལ། ངའི་སྲོག ངའི་བྱད་ལེགས་མ། ཡར་བཞེངས་ལ། ཚུར་ཤོག ༡༡ ཅི་ལ་ཟེར་ན། ལྟོས། དགུན་ནི་འདས། ཆར་དུས་ཀྱང་ཟིན་པས། ༡༢ ས་ལ་མེ་ཏོག་རྣམས་བཀྲ། བྱིའུས་གླུ་དབྱངས་སྒྲོག་དུས་ལ་འབབ་སྟེ། ང་ཚོའི་ཡུལ་ན་ཐི་བའི་གསུང་སྐད་ཐོས། ༡༣ སེ་ཡབ་ཤིང་གི་འབྲས་བུ་ཅན་དང་སྨིན་ཞིང་། རྒུན་ཤིང་ལ་མེ་ཏོག་འབར་ཏེ། དྲི་བསུང་ལྡང་བས་ན། ངའི་སྲོག ངའི་བྱད་མཛེས་མ། ཡར་བཞེངས་ལ་ཤོག ༡༤ ཀྱེ་ངའི་ཕུག་རོན། བྲག་སྲུབ་དང་། རི་གཟར་གྱི་འདབ་ན་ཡིབ་སྡོད་པ། ཁྱེད་ཀྱི་ཞལ་རས་ང་ལ་སྟོན། ཁྱེད་ཀྱི་གསུང་སྐད་ང་ལ་ཐོས་སུ་ཆུག་ཅིག གང་ལ་ཞེ་ན། ཁྱེད་ཀྱི་གསུང་སྐད་སྙན་ཞིང་། ཞལ་རས་མཛེས།
༡༥ ང་ཚོའི་རྒུན་ཤིང་ལ་མེ་ཏོག་འབུས། རྒུན་ཚལ་རྙོག་པའི་ཝ་མོ་དང་། ཝ་ཕྲུག་རྣམས་ང་ཚོའི་དོན་དུ་འཛིན་པར་མཛོད།