༡༡
རང་གི་ཟ་རྒྱུ་དེ་ཆུ་རྣམས་ཀྱི་ཐོག་ཏུ་གཏོར་ཞིག་དང་། ཞག་མང་པོའི་རྗེས་སུ་སླར་དེ་རྙེད་པར་འགྱུར་རོ།  ས་གཞིའི་སྟེང་དུ་ངན་པ་ཇི་ལྟ་བུ་ཞིག་འབྱུང་ཡོང་ཁྱོད་ཀྱིས་མི་ཤེས་པས། བདུན་ལ་མ་ཟད་བརྒྱད་ལ་ཡང་ཟ་སྐལ་སྟེར་ཞིག
 ཇི་སྟེ་སྤྲིན་ཆར་ཆུས་གང་ན། ས་ལ་བབ་ནས་སྟོང་པར་འགྱུར། ཇི་སྟེ་ཤིང་སྡོང་ལྷོ་ཕྱོགས་སམ་བྱང་ཕྱོགས་སུ་འགྱེལ་ན། ཤིང་སྡོང་དེ་འགྱེལ་སར་ལུས་པར་འགྱུར་རོ༎
 རླུང་ལ་ལྟ་ཞིང་སྡོད་མཁན་གྱིས་ས་བོན་མི་འདེབས། སྤྲིན་ལ་ལྟ་ཞིང་སྡོད་མཁན་གྱིས་ཞིང་རྔ་བར་མི་བྱ།
 ཇི་ལྟར་ཁྱོད་ཀྱིས་རླུང་གི་ལམ་དང་། སེམས་ཅན་དང་ལྡན་པའི་མངལ་གྱི་ནང་དུ་རུས་པ་ཇི་ལྟར་སྐྱེ་བ་མི་ཤེས། དེ་ལྟར་ཐམས་ཅད་མཛད་པའི་དཀོན་མཆོག་གི་ཕྲིན་ལས་རྣམས་ཀྱང་ཁྱོད་ཀྱིས་མི་ཤེས་སོ༎
 སྔ་དྲོར་རང་གི་ས་བོན་ཐོབ་ལ། དགོངས་མོར་ཡང་ལག་པ་དལ་བར་མ་ཞོག དེ་ཅིའི་ཕྱིར་ཞེ་ན། བྱ་བ་འདི་འམ་དེ་གང་ལེགས་པར་འགྱུར་རམ། གཉིས་པོ་ཁྱད་མེད་ལེགས་པར་འགྱུར་བའི་ཆ་ཁྱོད་ལ་མེད་པའི་ཕྱིར་རོ༎
 འོད་ནི་མངར་བར་ངེས། ཉི་མ་མཐོང་བའི་མིག་བདེའོ།  འོ་ན། ཇི་སྟེ་མི་ཞིག་ལོ་མང་གསོན་ཞིང་། དེ་ཐམས་ཅད་ཀྱི་ནང་ན་དགའ་སྤྲོ་ཆེ་རུང་། མུན་པའི་སྨག་རུམ་གྱི་ཉིན་མོ་རྣམས་ཀྱང་དྲན་པའི་རིགས་སོ། དེ་ཅིའི་ཕྱིར་ཞེ་ན། དེ་འདྲའི་ཉིན་མོ་མང་ཙམ་ཡོད་པ་འགྱུར། འོང་མཁན་ཐམས་ཅད་སྙིང་པོ་མེད་པའོ༎
 ཀྱེ་གཞོན་ནུ། རང་གི་ན་གཞོན་གྱི་དུས་ཀྱི་ནང་ན་དགའ་མགུར་སྤྱོད་དང་། རང་གི་གཞོན་ནུའི་ཉིན་མོ་རྣམས་ལ་སེམས་སྐྱིད་པར་བྱོས། ཡང་རང་གི་སྙིང་གི་ལམ་རྣམས་དང་། རང་གི་མིག་ལ་རན་པ་ལྟར་དུ་འགྲུལ་བར་གྱིས་ཤིག འོན་ཀྱང་བྱ་བ་དེ་ཐམས་ཅད་ཀྱི་ཕྱིར་དུ་དཀོན་མཆོག་གིས་ཁྱོད་ཞལ་ཆེ་གཅོད་དུ་འཁྱེར་བར་ཤེས་པར་གྱིས་ཤིག ༡༠ དེ་བས་ན་རང་གི་སྙིང་ལས་སེམས་འཁྲལ་ཕྱུང་ཞིང་། རང་གི་ལུས་ལས་ངན་པ་ཕར་དབྱུག་པར་བྱོས་ཤིག དེ་ཅིའི་ཕྱིར་ཞེ་ན། ཆུང་དུས་དང་ན་གཞོན་ཡང་སྙིང་པོ་མེད་པའོ༎