༣༠
ཡ་ཀེའི་བུ་ཨ་གུར་གྱིས་ལུང་དུ་བསྟན་པའི་བཀའ་མཆིད་ནི། སྐྱེ་བོ་དེས་ཨི་ཐི་ཨེལ། འོ་ན། ཨི་ཐི་ཨེལ་དང་ཡུ་ཀལ་གཉིས་ལ་བསྒོ་བ། ༢ མི་ཀུན་ལས་ང་བྱོལ་སོང་ལྟ་བུ་ཡིན། མིའི་འདུ་ཤེས་ཀྱང་ང་ལ་མེད། ༣ ངས་རིག་གནས་ཀྱང་མ་བསླབས། དམ་པ་གཅིག་པོའི་གོ་བའང་ང་ལ་མེད། ༤ སུ་ནམ་མཁར་འཛེགས་ནས་བབ་པ་ཡིན། སུས་རླུང་སྤར་བའི་ནང་དུ་བསྡུས་པ་ཡིན། ཆུ་རྣམས་གོས་ཀྱི་ནང་དུ་སུས་བསྒྲིལ་བ་ཡིན། སུས་ས་གཞིའི་མཚམས་བཅད་བཙུག་པ་ཡིན། ཇི་སྟེ་ཁྱོད་ཀྱིས་འཆད་པར་ནུས་ན། ཁོང་གི་མཚན་ལ་ཅི་བྱ། ཁོང་གི་སྲས་ཀྱི་མཚན་ལ་ཅི་ཞུ།༥ དཀོན་མཆོག་གི་གསུང་ཐམས་ཅད་ལྷད་མེད་དེ། ཁོང་ལ་གཏད་སོ་བཅོལ་བའི་ཕུབ་ཀྱང་ལགས། ༦ ཁོང་གིས་བཀྱོན་ཞིང་ཁྱོད་རྫུན་ཅན་མི་མཛད་པའི་སླད་དུ། ཁོང་གི་གསུང་གི་ནང་དུ་སྣོན་པར་མ་བྱེད་ཅིག
༧ ངས་བྱ་བ་གཉིས་ཀྱི་ཕྱིར་ཞུས་མོད། ང་མ་འཆི་གོང་དུ་དེ་དག་མི་སྟེར་མ་གསུང་། ༨ ཀུན་རྫོབ་དང་རྫུན་གཉིས་ང་ལས་རྒྱང་རིང་པོར་འཇོག་ཅིག ང་དབུལ་པོར་ཡང་མ་མཛད། ཕྱུག་པོར་ཡང་མ་མཛད་པར། ང་ལ་དགོས་འགྱག་ཡོད་པའི་ཁ་ཟས་ཀྱིས་ང་འཚོ་རུ་ཆུག་མཛོད། ༩ དེ་མིན། ང་འགྲངས་ནས་ཁྱེད་སྤང་སྟེ། ཡ་ཧོ་ཝཱ་དེ་སུ་ཡིན། ཞུ་ལས་ཆེ། ཡང་ན་དབུལ་བར་གྱུར་ཏེ་རྐུ་ན། ངའི་དཀོན་མཆོག་གི་མཚན་བརླགས་ལས་ཆེའོ༎
༡༠ བྲན་པོ་ཞིག་ལ་དེའི་དཔོན་པོའི་དྲུང་དུ་གཏམ་ངན་མ་ཐོང་ཞིག བཏང་ན། དེས་ཁྱོད་ལ་སྨོན་ལོག་འདེབས་ཤིང་། ཁྱོད་ལ་ཉེས་སྐྱོན་འཕོག་ལས་ཆེ།
༡༡ རང་གི་ཕ་ལ་དམོད་འབོར་ཞིང་། རང་གི་མ་ལ་སྨོན་བཟང་མི་འདེབས་པའི་མི་རབས་ཀྱང་ཡོད། ༡༢ རང་གི་དྲི་མ་མ་བཀྲུས་བཞིན་དུ། རང་གི་མཐོང་སྣང་དུ་རང་གཙང་བའི་མི་རབས་ཀྱང་ཡོད། ༡༣ མིག་རྩ་རབ་ཏུ་ཆེ་ཞིང་། མིག་ལྤགས་མཐོན་པོ་འདེགས་པའི་མི་རབས་ཀྱང་ཡོད། ༡༤ ས་གཞིའི་ནང་ནས་དབུལ་པོ་ཟ་ཞིང་། མིའི་ནང་ནས་མེད་པོ་རྣམས་མིད་དུ། རལ་གྲི་ལྟ་བུའི་མཆེ་བ་དང་། གྲི་ལྟ་བུའི་རྐན་སོ་དང་ལྡན་པའི་མི་རབས་ཀྱང་ཡོད།
༡༥ ཐོང་ཞིག ཐོང་ཞིག་ཟེར་བའི་བུ་མོ་གཉིས་འབུ་ཁྲག་འཇིབ་མཁན་ལ་ཡོད། ནམ་དུའང་མི་འགྲང་མཁན་གསུམ་ཡོད། མ་ཟད། ཆོག་ཆོག་མི་ཟེར་བ་བཞི་ཡོད། ༡༦ གཤིན་ཡུལ་དང་། མོ་གཤམ་གྱི་མངལ་དང་། ཆུས་མི་ངོམ་པའི་ས་ཆ་དང་། ད་ཆོག་མི་ཟེར་བའི་མེ་དང་བཞིའོ༎
༡༧ རང་གི་ཕ་ལ་མིག་མཆེར་མཆེར་ལྟ་མཁན་དང་། རང་གི་མའི་ཁ་ལ་ཉན་དུ་ཁྲེལ་མཁན་གྱི་མིག་དེ་ནི། ལུང་པའི་བྱ་རོག་གིས་འཚོག་ཅིང་། གླག་ཕྲུག་གིས་ཟ་བར་འགྱུར།
༡༨ བྱ་བ་གསུམ་ང་ལ་ངོ་མཚར་རྨད་དུ་ཆེ། མ་ཟད་བདག་གིས་མི་རྟོགས་པའི་བྱ་བ་བཞི་འདུག ༡༩ གནམ་དེ་བྱ་རྒོད་ཀྱི་ལམ། ཕ་བོང་དེ་སྦྲུལ་གྱི་ལམ། རྒྱ་མཚོའི་དཀྱིལ་དེ་གྲུའི་ལམ། ན་ཆུང་མཉམ་སྐྱེས་པའི་ལམ།
༢༠ གཡེམ་མོའི་ལམ་དེ་འདི་ལྟ་སྟེ། མོས་ཟོས་ཏེ། ཁ་ཕྱིས་ནས། ངས་མི་རུང་བ་ཞིག་ཅིའང་མ་བྱས་སོ་ཟེར།
༢༡ བྱ་བ་གསུམ་གྱིས་ས་གཞི་འཁྲུགས། བཟོད་མི་ཐུབ་པའི་བྱ་བ་བཞི། ༢༢ བྲན་པོས་རྒྱལ་སྲིད་བྱེད་དུས་དང་། གླེན་པའི་གྲོད་པ་འགྲང་དུས་དང་། ༢༣ གོ་རྒས་མནའ་མར་འགྲིམ་དུས་དང་། གཡོག་མོས་ཇོ་མོར་མགོ་ནོན་དང་བཞིའོ༎
༢༤ ས་གཞི་ལ་ཆུང་ཆུང་ཡོད་པ་བཞི་ཡོད། འོན་ཀྱང་དེ་དག་རབ་ཏུ་བློ་མཁས་ཏེ། ༢༥ སྲོག་ཆགས་གྲོག་མ་སྟོབས་ཞན་ཡང་། དབྱར་དུས་རང་གི་རྒྱགས་སོག་གོ། ༢༦ འཕྱི་བ་སྟོབས་ཆུང་ཡོད་ན་ཡང་། རང་གི་ཚང་བྲག་གསེབ་ཏུ་བྱེད། ༢༧ ཆ་ག་འབུར་རྒྱལ་པོ་མེད་ནའང་། དེ་རྣམས་ལྷན་ཅིག་གྲལ་ནང་འགྲོ། ༢༨ རྩངས་པ་ལག་པས་འཛིན་ནུས་ནའང་། དེ་ནི་རྒྱལ་ཁབ་ནང་ཡང་ཡོད།
༢༩ གསུམ་གྱི་འགྲོ་ལུགས་བཟང་། བཞིའི་འགྲོ་ལུགས་བདེ། ༣༠ རི་དྭགས་ཀྱི་ནང་ནས་སྟོབས་ཆེ་བའི་སེང་གེ་སུ་ལས་ཀྱང་མི་འབྲོས། ༣༡ རྟ་ཕོ་གྱི་ལིང་དང་། ར་རྒོད་དང་། དམག་དཔུང་དབུས་ཀྱི་རྒྱལ་པོ་དང་བཞི།