༢༩
ཡང་ཡང་བཀའ་བཀྱོན་འཕོག་བཞིན་གཉའ་རེངས་བྱེད་པ་དེ་ནི། བློ་བུར་དུ་ཆག་ཅིང་བྱ་ཐབས་ཟད་པར་འགྱུར།༢ ཆོས་དྲང་པོ་དར་དུས་མི་རྣམས་དགའ་ཡང་། སྡིག་སྤྱོད་ལ་དབང་ཐོབ་པའི་དུས་སུ་མི་རྣམས་མྱ་ངན་བྱེད།
༣ ཡེ་ཤེས་ལ་ཆགས་པས་ཕ་སྤྲོ་བར་བྱེད་ཀྱིས། སྨད་འཚོང་མ་དང་བསྡོངས་པས་ནོར་ཆུད་ཟོས་སུ་གཏོང་།
༤ གཤགས་དྲང་པོའི་ངང་ནས་རྒྱལ་པོས་རང་གི་རྒྱལ་སྲིད་འཚུགས་སུ་འཇུག་གིས། ཕག་སུག་བླང་བས་རྒྱལ་སྲིད་འཇིག་ཏུ་འཇུག
༥ རང་གི་ཁྱིམ་མཚེས་ལ་ལྕེ་བཀོལ་བ་ནི། དེའི་རྐང་པ་ལ་རྙི་འཛུག་པ་ཡིན།
༦ མི་ངན་གྱི་སྡིག་པའི་ནང་དུ་རྙི་གདའ་ཡང་། ཆོས་དྲང་པོས་དབྱངས་ལེན་ཞིང་དགའ་མགུར་སྤྱོད།
༧ ཆོས་དྲང་པོས་དབུལ་པོའི་རྒྱུ་རྐྱེན་གྱི་ཕྱིར་བསམ་མནོ་གཏོང་གིས། སྡིག་སྤྱོད་ལ་དེ་གོ་བའི་འདུ་ཤེས་མེད།
༨ ཐོ་ཚམ་པའི་གྲོང་ཁྱེར་མེས་སྲེག་ཀྱང་། མཁས་པའི་མིས་ཁོང་ཁྲོ་ཟློག་པར་བྱེད།
༩ མཁས་པའི་མིས་བླུན་པོ་ལ་བཀྱོན་ཞིང་། འཁྲོ་རུང་དགོད་རུང་བདེ་བ་ནི་མི་འབྱུང་།
༡༠ ཁྲག་འཐུང་གིས་མི་དྲང་པོ་ལ་འཁོན་དུ་འཛིན་ཞིང་། དེའི་སྲོག་ལེན་དུ་སྙེགས།
༡༡ གླེན་པས་སྙིང་ལ་ཡོད་པའི་ཁོང་ཁྲོ་ཐམས་ཅད་འཆད་ཀྱིས། མཁས་པས་མི་སྨྲ་བར་ཡལ་དུ་འཇུག
༡༢ ཇི་སྟེ་དཔོན་པོ་ཞིག་གིས་རྫུན་ཚིག་ལ་ཉན་ན། དེའི་འཁོར་གཡོག་ཀུན་ཡང་ངན་དུ་འགྲོ།
༡༣ དབུལ་པོ་དང་དབང་ཆོས་བྱེད་པ་ལྷན་ཅིག་འཛོམ། ཡ་ཧོ་ཝཱས་དེ་གཉིས་པོའི་མིག་འབྱེད་པར་མཛད།
༡༤ སེམས་དྲང་པོས་དབུལ་པོའི་གཤགས་འབྱེད་པའི། རྒྱལ་ཁྲི་རྟག་ཏུ་བརྟན་པར་གནས།
༡༥ དབྱུག་པ་དང་འཇུན་ཚིག་གིས་ཤེས་རབ་སྟེར། འོན་ཀྱང་བསླབ་བྱ་མེད་པར་བཞག་པའི་བུས་རང་གི་མ་ངོ་ཚ་རུ་འཇུག
༡༦ སྡིག་སྤྱོད་མོད་དུས། ཉེས་སྐྱོན་མོད། ཆོས་དྲང་པོས་དེ་དག་གི་ལྟུང་ལུགས་གཟིགས་པར་འགྱུར།
༡༧ རང་གི་བུ་ཆུན་ཞིག་དང་། དེས་ཁྱོད་ལ་བློ་བདེ་སྟེར་བའི་མ་ཟད་ཁྱོད་ཀྱི་སྙིང་ཡང་སྤྲོ་བར་བྱའོ༎
༡༨ ཞལ་གཟིག་མེད་སར། མི་རྣམས་རང་དགར་སྤྱོད་ཀྱིས། བཀའ་རྒྱ་བསྲུང་བའི་སྐྱེ་བོ་ནི་བཀྲ་ཤིས།
༡༩ གཏམ་འབའ་ཞིག་གིས་གཡོག་པོ་མི་འཆུན། གང་ལ་ཞེ་ན། དེས་གོ་ཡང་། སྣང་དག་མི་བྱེད།
༢༠ མི་ཁ་རྟོབ་ཅན་ཞིག་མཐོང་ངམ། དེ་ལས་གླེན་པའི་ཕྱིར་དུ་རེ་བ་ཆེ།
༢༡ ཆུང་དུས་ནས་འཇམ་ཆོས་ཀྱིས་སོས་པའི་གཡོག་པོ་དེ། ཕྱི་མཇུག་བུ་ལ་འགྱུར་བར་འགྱུར།
༢༢ སྤྲོ་ཐུང་གིས་འཛིང་འཐབ་སློང་། གཏུམ་པོས་ཉེས་སྡིག་མང་དུ་སོག
༢༣ མི་རང་གི་ང་རྒྱལ་གྱིས་དམའ་སར་དབབ། འོན་ཀྱང་སེམས་དམའ་བ་ལ་བཀུར་སྟི་རྙེད་པར་འགྱུར།
༢༤ རྐུན་མ་དང་སྐྱིད་སྡུག་གཅིག་པ་བྱེད་པ་ཐམས་ཅད་ཀྱིས། རང་གི་སྲོག་འཁོན་དུ་འཛིན། ཅིའི་ཕྱིར་ཞེ་ན། དེས་མནའ་ཐོ་ཚོར་ཡང་། ཅིའང་མི་འཆད།
༢༥ མི་ལ་འཇིགས་པས་རྙི་ནང་འཚུད། ཡ་ཧོ་ཝཱ་ལ་བློ་གཏད་མཁན་ཉེ་ཞོ་མེད་པར་གནས་པར་འགྱུར།
༢༦ དུ་མས་མངའ་བདག་གི་ངོ་འཚོལ་ཡང་། མི་རེ་རེའི་ཞལ་ཆེ་གཅོད་པ་ནི་ཡ་ཧོ་ཝཱ་ལས་འབྱུང་།
༢༧ དྲང་པོའི་ཞེན་ལོག་ནི་བློ་མི་དྲང་བའོ། བློ་མི་དྲང་བའི་ཞེན་ལོག་བློ་དྲང་བའོ༎