ཤེས་རབ་ཀྱིས་འབོད་པར་མི་མཛད་དམ། བློ་གྲོས་ཀྱིས་གསུང་སྐད་ཆེན་པོས་སྒྲོག་པ་མི་མཛད་དམ།  དེ་ནི་ལམ་མདུད་ཀྱི་ལམ་ཁའི་གནས་མཐོན་པོ་རྣམས་ཀྱི་ཁར་འགྲེང་ཞིང་།  སྒོ་འགྲམ་དང་། གྲོང་ཁྱེར་གྱི་ནང་དུ་འཇུག་པའི་རྟ་སྒོ་རྣམས་ནས་འབོད་སྒྲོག་ཅིང་།  ཀྱེ་མི་རྣམས། ངས་ཁྱོད་ལ་འབོད། ངའི་སྐད་ནི་མིའི་བུ་རྣམས་ཀྱི་དོན་དུ་ཡིན།  ཀྱེ་དྲང་སུམ་རྣམས། ཤེས་རབ་ཅི་ཡིན་རྟོགས་པར་བྱོས། ཀྱེ་བླུན་པོ་རྣམས། བློ་གྲོས་དང་ལྡན་པའི་སྙིང་མངའ་བར་བྱོས།  ཉོན་ཅིག གང་ལ་ཞེ་ན། ངས་ཁྱད་པར་ཅན་གྱི་དོན་དང་ལྡན་པ་གླེང་ཞིང་། ངའི་མཆུ་འབྱེད་དུས་རིགས་པའི་གཏམ་འཐོན།  དེ་ལྟར་ངའི་ཁས་བདེན་ཚིག་གླེང་བས། ངའི་མཆུས་ངན་པ་ལ་ཞེན་ལོག་སྟེ།  ངའི་ཁའི་གཏམ་རྣམས་དྲང་ཞིང་གཡོ་དང་ལོག་པར་གང་ཡང་མེད།  བློ་ལྡན་རྣམས་ཀྱི་དྲུང་དུ་དེ་རྣམས་དྲང་ཞིང་། ཤེས་རབ་རྙེད་པ་རྣམས་ལ་འོས་པའི་ཚིག་གོ། ༡༠ དངུལ་བླང་བ་བས། ངའི་མན་ངག་བློངས། གསེར་བཙོ་མ་བས་ཀྱང་ཤེས་རབ་བླང་བར་བྱོས། ༡༡ གང་ལ་ཞེ་ན། པདྨ་རཱ་ག་བས་ཀྱང་ཤེས་རབ་ལེགས་ཏེ། འདོད་པ་སྐྱེད་ནུས་པའི་དངོས་པོ་ཐམས་ཅད་ཀྱང་དེའི་དཔེ་ཟླར་མི་ཕྱིན།
༡༢ ཤེས་རབ་ནི་མཁས་པ་དང་ཉེ་བར་གནས། བདག་གིས་རིག་རྩལ་རྣོ་བ་ཀུན་རྩར་ཆོད། ༡༣ ངན་པ་ལ་སྡང་བ་དེ་ནི་དཀོན་མཆོག་ལ་བག་བྱེད་པ་ཡིན། བདག་གི་ང་རྒྱལ་དང་། རློམ་སེམས་དང་། ལམ་ངན་པ་དང་། ཁ་ལོག་ཅན་ལ་འཁོན་དུ་འཛིན། ༡༤ ཇུས་དང་ཐབས་མཁས་པ་བདག་གི་ཡིན། བློ་གྲོས་བྱ་བ་བདག་རང་ཡིན་པས། བདག་མཐུ་སྟོབས་དང་ལྡན། ༡༥ ངའི་སྒོ་ནས་རྒྱལ་པོ་རྣམས་ཀྱིས་སྲིད་བྱེད་ཅིང་། སྐུ་དྲག་རྣམས་ཀྱི་ཁྲིམས་དྲང་པོར་གཅོད། ༡༦ བདག་གི་སྟོབས་ལས་ཇོ་བོ་དང་། མི་དབང་དང་། སའི་ཁྲིམས་བདག་ཀུན་གྱིས་སྲིད་སྐྱོང་། ༡༧ ང་ལ་ཆགས་པ་རྣམས་ལ་ང་ཡང་ཆགས། སྔ་སོར་བདག་འཚོལ་བ་རྣམས་ཀྱིས་བདག་རྙེད་པར་འགྱུར། ༡༨ བདག་དང་བཅས་སུ་དབྱིགས་དང་བཀུར་སྟི་མ་ཟད། རྟག་པའི་དབྱིགས་དང་། དྲང་བ་ཉིད་ཀྱང་ཡོད། ༡༩ བདག་གི་འབྲས་བུ་དེ་ནི་གསེར་མ་ཟད། གསེར་བཙོ་མ་བས་ཀྱང་རབ་སྟེ། བདག་གི་རྙེད་པ་ནི་དངུལ་བཟང་པོ་བས་ཀྱང་དྲག ༢༠ བདག་ལ་ཆགས་པ་ལ་ནོར་གྱི་ནོར་སྐལ་ཐོབ་ཅིང་། ༢༡ དེ་དག་གི་གཏེར་མཛོད་རྣམས་སྐེང་བའི་དོན་དུ། དྲང་བ་ཉིད་ཀྱི་ལམ་དང་། གཤགས་ཀྱི་ལམ་དབུས་སུ་བདག་གིས་འཁྲིད།
༢༢ སྔ་མའི་ཕྲིན་ལས་རྣམས་ཀྱི་གོང་རོལ་དུ། ཡ་ཧོ་ཝཱའི་གཤེགས་ལམ་གྱི་ཐོག་མར་ཁོང་གིས་བདག་དབང་བ་ཡིན། ༢༣ བདག་གདོད་མར་ས་གཞི་མ་ཆགས་པའི་ཐོག་མར་བསྐོས་པ་ལགས། ༢༤ གཏིང་ཟབ་པོ་རྣམས་མེད་ཅིང་། ཆུ་མོད་པོའི་ཆུ་མིག་གང་ཡང་མེད་པའི་སྔར་བདག་སྐྱེས་ཡོད་པ་ཡིན། ༢༥ རི་བོ་རྣམས་མ་ཚུགས་པའི་གོང་རོལ་དང་། རི་ཕྲན་རྣམས་ལས་སྔར་བདག་བཙས་པ་ཡིན། ༢༦ དེའི་ཚེ་ད་དུང་ས་གཞི་དང་ཀླུངས་མ་ཟད། སའི་གོང་པོ་དང་པོ་དེ་ཡང་མ་མཛད་པར་ཡོད་པ་ཡིན། ༢༧ ཁོང་གིས་ནམ་མཁའ་རྣམས་བཀོད་དུས་དང་། གཏིང་ཟབ་པོའི་ངོས་སུ་དཀྱིལ་འཁོར་འབྲི་བར་མཛད་དུས་སུ་བདག་དེར་ཡོད་པ་ཡིན། ༢༨ སྟེང་དུ་གནམ་རྣམས་གཏན་ལ་འབེབས་པའི་དུས། གཏིང་ཟབ་ཆུ་མིག་རྣམས་ལ་ཤེད་བཅུག་དུས། ༢༩ ཆུ་རྣམས་ཁོང་གི་བཀའ་ལས་མི་འདའ་བའི་ཕྱིར་དུ་རྒྱ་མཚོའི་ས་མཚམས་ཐག་བཅད་དུས། ས་གཞིའི་རྨང་རྣམས་བཏིང་དུས་སུ། ༣༠ ཁོང་གི་བཟོ་དཔོན་བཞིན་དུ་བདག་ཁོང་དང་མཉམ་དུ་ཡོད་པ་ཡིན། བདག་ཁོང་གི་ཞལ་ངོར་དགའ་མགུ་ཞིང་། ཉིན་རེ་བཞིན་ཁོང་གི་དགའ་བ་ལགས་པ་ཡིན། ༣༡ བཞུགས་གནས་སུ་རུང་བའི་ཁོང་གི་ས་གཞིའི་ནང་ན་དགའ་མགུ་ཞིང་། མིའི་བུ་རྣམས་དང་འདྲེས་ནས་ཡི་རང་བ་ཡིན།
༣༢ དེ་བས་ན་ངའི་ལམ་རྣམས་ཡིད་ལ་འཆང་བ་དག་བྱིན་གྱིས་རློབས་པ་ལགས་པས། ད་ཁྱོད་བུ་རྣམས་ང་ལ་ཉོན། ༣༣ མན་ངག་ལ་ཉན་ཅིང་མཁས་པར་གྱུར་ཅིག་དང་། དེ་སྤོང་བར་མ་བྱེད་ཅིག ༣༤ ང་ལ་ཉན་ཅིང་། ཞག་རེ་བཞིན་ངའི་རྟ་སྒོ་ལ་ལྟ་བཞིན་དུ། ངའི་སྒོའི་རི་བཞི་རྣམས་ཀྱི་རྩར་སྒུག་པ་དག་ནི་བཀྲ་ཤིས་པ་ལགས། ༣༥ གང་ལ་ཞེ་ན། བདག་ཐོབ་པ་ལ་སྲོག་ཐོབ་ཅིང་། ཡ་ཧོ་ཝཱ་ལས་ཐུགས་རྗེ་ཐོབ་པར་འགྱུར། ༣༦ བདག་ལ་ཉེས་པ་བྱེད་པ་རྣམས་ཀྱིས་རང་གི་སྲོག་ལ་ཉེས་པར་བྱེད། ང་ལ་སྡང་བ་ཐམས་ཅད་ནི་འཆི་བ་ལ་ཆགས་པའོ༎