ཤེས་རབ་ཀྱིས་ཉིད་ཀྱི་ཁྱིམ་བཞེང་སྟེ། ཉིད་ཀྱི་ཀ་བ་བདུན་པོ་བཞོག་པར་བྱས།  དེས་ཉིད་ཀྱི་དུད་འགྲོ་རྣམས་བཀུམ་ནས། ཉིད་ཀྱི་རྒུན་ཆང་སྨེད་དེ། གསོལ་ལྕོག་བཤམས་ནས་འདུག  ཉིད་ཀྱི་ཞལ་ཏ་མ་རྣམས་མངགས་ཟིན་ཏེ། དེ་དག་གིས་གྲོང་ཁྱེར་གྱི་གནས་མཐོ་མཐོ་རྣམས་ལས་འབོད་སྒྲོག་ཅིང་།  དྲང་སུམ་ཐམས་ཅད་ཚུར་ཤོག་དང་། བློ་གྲོས་ཀྱིས་འཕོངས་པ་རྣམས་ལ་འདི་སྐད་གསུང་།  ཤོག་ལ་ངའི་བག་ལེབ་ལས་ཟ་ཞིང་། ངས་སྨེད་པའི་རྒུན་ཆང་ལས་འཐུང་ཞིག  བླུན་སེམས་སྐྱུར་ནས་འཚོ་བར་བྱོས་ལ། བློ་གྲོས་ཀྱི་ལམ་ནང་དུ་འགྲུལ་ཞིག
 ཁ་ངན་གྱི་མི་ལ་བསླབ་བྱ་གཏོང་མཁན་གྱིས་རང་ཉིད་ངོ་ཚ་རུ་འཇུག སྡིག་སྤྱོད་ལ་བཀའ་བཀྱོན་པས་རང་ཉིད་ནོགས་སུ་འཇུག  དེས་ཁྱོད་ལ་འཁོན་དུ་འཛིན་འོང་། ཁ་ངན་པ་ལ་བསླབ་བྱ་མ་ཐོང་ཞིག མཁས་པའི་མི་ལ་བཀྱོན་ཞིག་དང་། དེས་ཁྱོད་ལ་བྱམས་པར་བྱ།  མི་མཁས་པ་ལ་མན་ངག་ཐོང་ཞིག་དང་། དེ་ལྷག་པར་མཁས་པར་འགྱུར། མི་བློ་དྲང་པོ་ལ་སློབས་ཤིག་དང་། དེ་རིག་པའི་ནང་ན་ཡར་འཕེལ་བར་འགྱུར། ༡༠ ཤེས་རབ་ཀྱི་ཐོག་མ་ནི་ཡ་ཧོ་ཝཱ་ལ་བག་བྱེད་པ་ཡིན། དམ་པ་གཅིག་པོའི་རྟོགས་པ་ནི་བློ་གྲོས་དེ་ཡིན། ༡༡ དེ་ཅིའི་ཕྱིར་ཞེ་ན། བདག་གི་ནང་ན་ཁྱོད་ཀྱི་ཞག་རྣམས་སྐྱེད་པ་བྱས་ཏེ། ཁྱོད་ཀྱི་ཚེའི་ལོ་གྲངས་འཕེལ་བར་འགྱུར། ༡༢ ཁྱོད་མཁས་ན། རང་གི་དོན་དུ་མཁས་པར་འགྱུར། ཁྱོད་སྨད་ན། རང་གཅིག་པུས་དེ་ཐོགས་པར་འགྱུར།
༡༣ བུད་མེད་གླེན་པ་འདུ་འཛི་ཆེ། དེ་ནི་རྨོངས་ཤིང་ཅིའང་མི་ཤེས། ༡༤-༡༥ ཤར་རེ་རང་གི་ལམ་ནང་འགྲོ་བའི་བྱེས་པ་ཚོ་ལ་འབོད་པ་ལ། མོ་རང་གི་ཁྱིམ་གྱི་སྒོ་དྲུང་དང་། གྲོང་ཁྱེར་གྱི་གནས་མཐོ་བའི་ཕོ་སྟེགས་ཀྱི་ཁར་སྡོད་ཅིང་། ༡༦ དྲང་སུམ་རྣམས་ལ་ཚུར་ཤོག་དང་། བློ་གྲོས་ཀྱིས་འཕོངས་པ་རྣམས་ལ་འདི་ན་རེ། ༡༧ བརྐུས་པའི་ཆུ་ནི་མངར་ཞིང་། ཕག་བཟན་ཞིམ་མོ་ཟེར། ༡༨ འོན་ཀྱང་མོའི་རྩར་ཤི་རོ་རྣམས་ཡོད་པ་དང་། མོའི་མགྲོན་པོ་རྣམས་དམྱལ་བའི་གཏིང་ན་གནས་པའི་རྒྱུས་ཁོ་ལ་མེད་དོ༎