ངའི་བུ། ངའི་གཏམ་ཡིད་ལ་ཆོངས། ཁོག་ནང་དུ་ངའི་བཀའ་རྣམས་བསགས་ནས་འཇོག་ཅིག  ངའི་བཀའ་རྒྱ་རྣམས་ཡིད་ལ་འཆང་ན་གསོན་པོར་ལུས་འོང་། ངའི་བསླབ་བྱ་རྣམས་མིག་གི་རྒྱལ་མོ་བཞིན་དུ་འཇོག  དེ་རྣམས་མཛུབ་མོ་རྣམས་ལ་སྡོམ་ལ། སྙིང་གི་བྱང་བུའི་ཐོག་ཏུ་དེ་རྣམས་ཡི་གེར་བྲིས་ཤིག  ཁྱོད་མོ་ཡན་དང་། བུད་མེད་ལྕེ་བཀོལ་མའི་ལྕེ་ལས་སྲུང་བའི་དོན་དུ་ཤེས་རབ་ལ་ངའི་སྲིང་མོ་ལགས་ཞུས་ཤིག  བློ་གྲོས་ལ་ངའི་མཛའ་མོ་ཞེས་མིང་ཐོགས་ཤིག
 དེ་ཅིའི་ཕྱིར་ཞེ་ན། ང་རང་གི་ཁྱིམ་གྱི་དཀར་ཁུང་ལ་བསྡད་དེ། རྒྱ་དྲ་ལས་བལྟས་ནས།  དྲང་སུམ་རྣམས་ཀྱི་ཁྲོད་དུ་བལྟས་ནས། དར་ལ་བབ་པའི་གཞོན་ནུ་རྣམས་ཀྱི་དཀྱིལ་ན་བློ་གྲོས་ཀྱིས་འཕོངས་པ་ཞིག་མཐོང་།  སྲོད་རུབ་དུས་དགོངས་མོ་མཚན་གྱི་ནམ་གུང་དུ།  མི་དེ་མོའི་ཁང་པའི་གྲུ་དང་ཉེ་བའི་སྲང་ལས་རྒྱུ་བར་བྱས་ཏེ། མོའི་ཁང་པའི་ལམ་དེ་བཟུངས་པ་དང་།
༡༠ ལྟོས་ཤིག དེར་སྨད་འཚོང་མའི་ཆས་དང་ལྡན་པའི་བུད་མེད་ཟོལ་ཟོག་ཅན་གྱི་སྙིང་ཡོད་པ་ཞིག་དང་ཕྲད། ༡༡ མོ་དེ་ཀུ་སྒྲ་ཆེ་ལ་ཁ་ལོ་གྱོང་། རང་གི་ཁྱིམ་གྱི་ནང་ན་མོའི་རྐང་པ་འདུག་པར་མི་བཟོད། ༡༢ ད་ལྟ་མོ་ཕྱི་རོལ་དུ་འདུག ད་ལམ་སྲང་རྣམས་སུ་སླེབ་ནས། གྲུ་གྲུར་འཇབ་པར་བྱེད། ༡༣ དེ་ལྟར་མོས་དེ་བཟུང་ནས་ཁ་བསྐྱལ་ཏེ། གདོང་ཧུར་ཧུར་བྱས་ནས་དེ་ལ་སྨྲས་པ། ༡༤ ང་དང་མཉམ་དུ་ཞི་བདེའི་མཆོད་པ་ཡོད། དེ་རིང་ངས་དམ་བཅས་པ་བསྒྲུབ། ༡༥ དེའི་ཕྱིར་ང་མིང་དང་ཁྱེད་ཀྱི་ཞལ་ངོ་འཚོལ་ཞིང་། ཁྱེད་དང་འཕྲད་དུ་ཐོན་ནས་ད་ཕྲད་བྱུང་། ༡༦ ངས་རང་གི་མལ་ཁྲི་ལ་མལ་ཁེབས་དང་། མི་སེར་གྱི་ཀ་ཤི་ཀ་དམར་ཁྲ་བཀབ་ནས། ༡༧ རང་གི་མལ་ཁྲི་ལ་གན་དྷ་ར་ས་དང་། ཨ་ག་རུ་དང་། ཤིང་ཚའི་སྤོས་ཆུས་བྱུགས་པས། ༡༨ ད་ཤོག་ལ། སྔ་དྲོའི་བར་དུ་འོ་སྐོལ་གཅེས་པས་ཚིམ་པར་བྱ། ངེད་གཉིས་གཅེས་པས་ཡིད་མགུ་བར་བྱ། ༡༩ གང་ལ་ཞེ་ན། ངའི་བདག་པོ་ཐག་རིང་པོར་སོང་ནས་ཁྱིམ་ན་མེད། ༢༠ ཁོས་དངུལ་གྱི་ཁུག་མ་ཞིག་འཁུར་ནས་སོང་། ཉ་གང་གི་ཉིན་འདིར་ལོག་སླེབས་འོང་སྨྲས།
༢༡ མོའི་གཏམ་བདེ་བདེ་མང་པོས་དེ་བསླུས་ཏེ། ལྕེ་བཀོལ་གྱི་མཆུས་ལམ་སྟོར་དུ་བཅུག་ནས། ༢༢ གཤན་པའི་དྲུང་དུ་གླང་འགྲོ་བ་ལྟར་དུའམ། ལྕགས་སྒྲོག་གི་གླེན་པ་རྣམས་འཇུན་དུ་འགྲོ་བ་ལྟར་དུ། མི་དེ་མོའི་རྗེས་སུ་ཤར་རེ་འགྲོ་སྟེ། ༢༣ མདའ་ཡིས་དེའི་མཆིན་པ་མ་རྟོལ་བའི་བར་དུ། བྱ་ཡིས་རང་གི་ཕྱིར་བཏིང་ཡོད་པའི་བྱ་སྐོན་དེ་མ་ཤེས་པར། དེའི་ཐད་དུ་ཚ་དྲག་གིས་འགྲོ་བ་ལྟར་དུ། ཁོ་ཡང་འགྲོའོ༎
༢༤ དེ་བས་ན་ད་ངའི་བུ་རྣམས། བདག་ལ་ཉན་ཞིང་། ངའི་ཁའི་གཏམ་ལ་མ་གཡེངས་པར་ཉོན། ༢༥ མོའི་ལམ་རྣམས་ལ་རང་གི་སྙིང་མ་ཐུད་ཅིག ལམ་སྟོར་ནས་མོའི་ལམ་ནང་མ་འགྲུལ་ཞིག ༢༦ དེ་ཅིའི་ཕྱིར་ཞེ་ན། མོས་མི་མང་ཙམ་སྣད་དུ་བཅུག་ནས་ས་ལ་བརྡབས། མོས་དཔའ་བོ་མང་ཙམ་ཡང་སྲོག་དང་ཕྲལ། ༢༧ མོའི་ཁྱིམ་དེ་ནི་འཆི་བའི་ནང་མིག་རྣམས་ཀྱི་ནང་དུ་ཕྱིན་པའི་གཤིན་ཡུལ་གྱི་ལམ་དེ་ལགས་སོ༎