༦
ངའི་བུ། ཇི་སྟེ་ཁྱོད་རང་གི་མཛའ་བོའི་ལག་མིར་སྡོད་ན། ཡང་ན་མི་ཡན་དང་ལག་ཆད་བཏང་ཡོད་ན། ༢ དེ་ནས་ཁྱོད་རང་གི་ཁའི་གཏམ་གྱིས་ཁྱོད་རང་རྙི་རུ་འཚུད་ཅིང་། རང་གི་ཁའི་ཚིག་གིས་ཁྱོད་རང་བཟུང་བ་ཡིན། ༣ ངའི་བུ། རང་གི་མཆེད་གྲོགས་ཀྱི་ལག་ཏུ་འཁད་པའི་ཚེ་ན། འདི་ལྟར་གྱིས་ཤིག རང་སྐྱོབ་པར་བྱོས། སོང་ལ་གུས་པ་བྱས་ཏེ། རང་གི་སྤུན་ལ་བཅོལ་བར་གྱིས་ཤིག ༤ རང་གི་མིག་ལ་གཉིད་དང་། མིག་ལྤགས་ལ་གཉིད་གཡུར་དུ་མ་ཆུག ༥ གནའ་བ་ལྟར་ཁྱི་ར་པའི་ལག་པ་དང་། བྱ་སྐོན་པའི་ལག་པ་ལས་འདབ་ཆགས་ལྟར་རང་སྐྱོབས་ཤིག༦ སྙོམས་ལས་ཅན་ཁྱོད། གྲོག་མོའི་མདུན་དུ་སོང་ལ། དེའི་ལམ་རྣམས་ལ་བསམ་པ་སྐོར་ཞིང་མཁས་པར་གྱུར་ཅིག ༧ དེ་ལ་འགོ་དཔོན་དང་། ལྡིང་དཔོན་དང་། ཇོ་བོ་མེད་རུང་། ༨ དབྱར་དུས་སུ་རང་གི་ཁ་ཟས་ཀྱི་གྲལ་བྱེད། སྟོན་ཀར་རང་གི་རྒྱགས་སོག་པར་བྱེད། ༩ ཀྱེ་སྙོམས་ལས་ཅན། ག་ཚོད་བར་དུ་གཉིད་ལོག་པར་བྱ། རང་གི་གཉིད་ལས་ནམ་ལྡང་བར་བྱ། ༡༠ ད་དུང་ཅུང་ཟད་ཅིག་གཉིད་ལོག སྲིབ་ཙམ་གཉིད་ཐིབས་ཤིག གཉིད་ལོག་ཏུ་ཨེན་ཙམ་ལག་པ་ལྟོབ་ཅིག་དང་། ༡༡ རང་དབུལ་ཕོངས་པར་འགྱུར་བ་ནི་ཆོམ་པོ་ལྟར་དུ་དང་། ནོར་མེད་ནི་མཚོན་ཐོགས་པའི་མིའི་ཚུལ་དུ་སླེབ་པར་འགྱུར་རོ༎
༡༢ མི་ཅང་མིན་དང་སྡིག་སྤྱོད་ཀྱིས་ངག་འཁྱལ་ལ་སྤྱོད། ༡༣ དེ་དག་གི་མིག་གིས་མིག་བརྡ་གཏོང་ཞིང་། རྐང་པས་གཏམ་བྱེད། མཛུབ་མོས་མཛུབ་རིས་གཏོང་། ༡༤ དེའི་སྙིང་ནང་བསམ་པ་ལོག་པར་གདའ། རྒྱུན་དུ་ཇུས་ངན་ལྡིང་ཞིང་། འཁྲུག་པའི་ས་བོན་འདེབས་པར་བྱེད། ༡༥ དེའི་ཕྱིར་བློ་བུར་དུ་དེའི་ཐོག་ཏུ་ཉོན་མོངས་པ་འབབ་ཅིང་། བྱ་ཐབས་མེད་པར་བློ་བུར་དུ་ཆག་པར་འགྱུར།
༡༦ ཡ་ཧོ་ཝཱས་འཁོན་དུ་འཛིན་པ་ནི་རྣམ་པ་དྲུག་སྟེ། མ་ཟད་ཁོང་ཞེན་པ་ལོག་པ་རྣམ་པ་བདུན་ཡང་ཡོད། ༡༧ རློམ་སེམས་ཅན་གྱི་མིག་དང་། བརྫུན་ཅན་གྱི་ལྕེ་དང་། མི་ནོངས་མེད་ཀྱི་ཁྲག་གཟག་པའི་ལག་པ་དང་། ༡༨ ཇུས་ངན་ལྡིང་བའི་སྙིང་དང་། བསྟན་བཤིག་བྱེད་དུ་རྒྱུག་པའི་རྐང་པ་དང་། ༡༩ རྫུན་ཚིག་ལབ་པའི་རྫུན་གྱི་དཔང་པོ་དང་། སྤུན་གྱི་ཁྲོད་དུ་འཁྲུག་པའི་ས་བོན་འདེབས་མཁན་དང་བཅས་བདུན་ནོ༎
༢༠ ངའི་བུ། རང་གི་ཕའི་བཀའ་ལ་ཉོན། མའི་ཞལ་ཏ་མ་དོར་ཞིག ༢༡ འདི་དག་རྟག་ཏུ་རང་གི་སྙིང་ལ་དཀྲི་ཞིང་། རང་གི་མཇིང་པར་འདོགས་པར་བྱོས་ཤིག་དང་། ༢༢ དེས་ཁྱོད་འགྲོ་དུས་སུ་ལམ་སྣ་དང་། གཉིད་ལོག་དུས་སུ་མེལ་ཚེ་དང་། གཉིད་སད་དུས་སུ་ཁྱེད་ལ་གཏམ་གླེང་བྱེད་པར་འགྱུར་རོ། ༢༣ གང་ལ་ཞེ་ན། བུད་མེད་ངན་པ་དང་། མོ་ཡན་གྱི་ལྕེ་བཀོལ་བ་ལས་ཁྱོད་སྲུང་བའི་ཕྱིར་དུ། བཀའ་རྒྱ་ནི་སྒྲོན་མེ་དང་། ༢༤ ཞལ་སྒོ་ནི་འོད་ལགས་ཏེ། བསྡམ་བཞག་གི་ཞལ་ཏ་ནི་སྲོག་གི་ལམ་ལགས་པའི་ཕྱིར་རོ། ༢༥ མོའི་བྱད་མཛེས་པའི་ཕྱིར་རང་གི་སྙིང་ནང་འདོད་ཆགས་མ་སྐྱེད་ཅིག མོའི་མིག་སྤགས་ཀྱིས་ཀྱང་ཁྱོད་འཛིན་དུ་མ་ཆུག་ཅིག ༢༦ དེ་ཅིའི་ཕྱིར་ཞེ་ན། སྨད་འཚོང་མའི་རྐྱེན་གྱིས་མི་ནི་བག་ལེབ་དུམ་བུ་ལ་ཐུག གཡེམ་བྱེད་བུད་མེད་ཀྱིས་རིན་ཆེན་སྲོག་ལ་ཁྱི་ར་བྱེད།
༢༧ མིས་རང་གི་སྣམ་བྲག་ནང་དུ་མེ་འཁུར་བཞིན་དེའི་གོས་མི་སྲེག་པའང་འབྱུང་ནུས་སམ། ༢༨ སུ་ཞིག་སོལ་བའི་མེའི་སྟེང་དུ་འགྲུལ་བཞིན་རྐང་པ་མི་འཚིག་པའང་སྲིད་དམ། ༢༩ དེ་བཞིན་དུ་ཁྱིམ་མཚེས་པའི་ཆུང་མའི་རྩར་འགྲོ་མཁན་ལ་ཡང་ཡིན་ཏེ། མོ་ལ་སུས་རེག་ཀྱང་ནོངས་མེད་པར་མི་ལུས།
༣༠ ལྟོགས་ནས་རང་གི་གྲོད་པ་འགྲང་བའི་ཕྱིར་རྐུ་བའི་རྐུན་མ་ཞིག་ལ་མིས་ཁྱད་དུ་རང་མི་སོད། ༣༡ ཇི་སྟེ་ཁོ་འཛིན་ན། ཁོས་བདུན་ལྡབ་འཇལ་ཞིང་། རང་གི་ཁྱིམ་གྱི་རྫས་ཐམས་ཅད་ཀྱང་གཏོང་བར་དགོས། ༣༢ གཞན་གྱི་ཆུང་མ་མཉམ་ལོག་གཡེམ་བྱེད་པའི་ནང་བློ་གྲོས་མེད། དེ་འདྲ་བྱེད་པས་རང་གི་སྲོག་གཅོད་པར་བྱེད། ༣༣ རྨ་དང་སྨད་སྒྲ་དེ་ལ་འཕོག་ཅིང་། དེའི་གཏམ་ངན་ཅི་ནས་ཀྱང་འདག་པར་མི་འགྱུར། ༣༤ སྐྱེས་པའི་ཁོང་ཁྲོ་ནི་འཁྲེན་ཡིན་པས། ལན་མཇལ་བའི་ཉིན་མོར་ཁོས་སྙིང་རྗེ་ཅིའང་བྱེད་པར་མི་འགྱུར། ༣༥ འབུལ་བ་གང་གི་ངོ་ལ་ཡང་ལྟ་བར་མི་འགྱུར། ནོར་མང་ཙམ་སྟེར་ན་ཡང་དེའི་རྐྱེན་གྱིས་ཁ་བསངས་པར་མི་འགྱུར་རོ༎