དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༤༣
ཀྱེ་ཡཱ་ཝཱེ་ངའི་སྨོན་ལམ་གསན་ཞིང་ངའི། གསོལ་འདེབས་རྣམས་ལ་སྙན་གཏོད་ཅིག་ཁྱེད་ཀྱི། གདེང་དང་དྲང་བ་ཉིད་ནང་བཀའ་ལན་གནོང་།
 ཁྱེད་དྲུང་མི་སུའང་ནོངས་མེད་མ་ཡིན་པས། ཁྱེད་ཀྱི་བྲན་པོ་ཁྲིམས་རར་འདོན་མ་མཛད།
 དེས་ན་དགྲས་ངའི་སྲོག་ལ་བཙེས་ངའི་ཚེ། སར་བརྡབས་ཏེ་ནམ་ནས་ཤི་བའི་མི་འདྲར། མུན་ཁམས་རྣམས་སུ་དེས་ང་གནས་སུ་བཅུག
 དེའི་ཕྱིར་ངའི་ནང་ངའི་སེམས་དྲན་པ་སྟོར། བྱང་ཁོག་ནང་དུ་ངའི་སྙིང་སྟོར་ནས་སོང་།
 སྔོན་དུས་རྣམས་ནི་ངས་དྲན་པར་བྱེད་ཅིང་། ཁྱེད་ཀྱི་མཛད་པ་ཀུན་ངས་སྒོམ་པར་བྱེད།
 ཁྱེད་ཕྱོགས་བདག་གིས་ལག་པ་འདེགས་པར་བྱེད། ས་སྐམ་སྐོམ་ལྟར་ངའི་སེམས་ཁྱེད་ལ་སྐོམ། [སེ་ལཱ།]
 ངའི་སེམས་འཁུམས་པས་འཕྲལ་དུ་ཀྱེ་ཡཱ་ཝཱེ། ལན་གནོང་ང་ལས་ཞལ་མ་སྦ་དེ་མིན། དུར་ནང་འབབ་མཁན་རྣམས་ལྟར་ང་འགྱུར་འོང་།
 ཁྱེད་ལ་ངས་བློ་གཏོད་པས་སྔ་དྲོ་ངས། ཁྱེད་ཀྱི་བྱམས་གཟིགས་ཕྲིན་ང་ཐོས་སུ་ཆུག ང་འགྲུལ་དགོས་པའི་ལམ་དེ་ང་ལ་སྟོན།
 དགྲ་བོ་རྣམས་ལས་ང་སྐྱོབ་ཀྱེ་ཡཱ་ཝཱེ། ཁྱེད་དྲུང་སྐྱབས་གནས་ཕྱིར་ང་འབྲོས་འོང་ངོ་༎
༡༠ ཁྱེད་ཉིད་ངའི་དཀོན་མཆོག་ཡིན་པས་ཁྱེད་ཀྱི། ཐུགས་དགོངས་བཞིན་དུ་སྒྲུབ་ལུགས་ང་ལ་སློབ། ཁྱེད་ཐུགས་བཟང་པོས་ཆོས་དྲང་ཡུལ་ང་འདྲོངས།
༡༡ ཁྱེད་ཀྱེ་ཡཱ་ཝཱེའི་མཚན་དོན་ང་གསོན་ཆུག ཁྱེད་དྲང་ཉིད་ནང་ང་སྡུག་བསྔལ་ལས་ཕྱུང་།
༡༢ ང་ཁྱེད་ཀྱི་བྲན་པོ་ཡིན་པས་ཁྱེད་ཀྱི། བྱམས་གཟིགས་ཀྱིས་ངའི་དགྲ་རྣམས་ཚར་གཅོད་ཅིང་། ང་ལ་སེམས་སྡུག་གཏོང་མཁན་ཀུན་སུན་ཕྱུང་༎