དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༤༠
མི་ངན་ལས་ང་སྐྱོབས་ཤིག་ཀྱེ་ཡཱ་ཝཱེ། མི་གཏུམ་པོ་ལས་ང་སྲུང་བར་མཛོད་ཅིག
 དེ་ཚོས་སྙིང་ནང་བྱུས་ངན་རྩོམ་བྱེད་ཅིང་། འཐབ་ཕྱིར་ཆད་མེད་དེ་རྣམས་འཚོགས་པར་བྱེད།
 སྦྲུལ་ལྟར་དེ་ཚོས་རང་ལྕེ་རྣོ་བྱས་ཏེ། ཁ་ལྤགས་འོག་ན་དུག་སྦྲུལ་དུག་འདུག་གོ། [སེ་ལཱ།]
 སྡིག་སྤྱོད་ལག་ནས་ང་སྐྱོབ་ཀྱེ་ཡཱ་ཝཱེ། མི་གཏུམ་པོ་ལས་ང་སྲུང་བར་མཛོད་ཅིག དེ་ཚོས་བདག་གི་རྐང་པ་འབོག་ཕྱིར་དམིགས།
 རང་མཐོང་ཅན་ཚོས་རྙི་དང་ཐག་པ་རྣམས། བདག་གི་ཕྱིར་དུ་སྦས་ནས་བཞག་པ་ཡིན། ལམ་གྱི་ཟུར་དུ་དེ་ཚོས་རྙི་ཞིག་བཙུགས། ངའི་ཕྱིར་དེ་ཚོས་ཞགས་པ་རྣམས་བཀྲམས་སོ༎ [སེ་ལཱ།]
 ཡཱ་ཝཱེར་ཁྱེད་ངའི་དཀོན་མཆོག་ཡིན་ཡཱ་ཝཱེ། ངའི་གསོལ་བའི་སྐད་གསན་མཛོད་ཅེས་ངས་ཞུས།
 ཀྱེ་གཙོ་བོ་དཀོན་མཆོག་ངའི་སྐྱབས་ཀྱི་སྟོབས། འཐབ་མོའི་ཞག་ཁྱེད་ཀྱིས་ངའི་མགོ་བཀབ་བྱུང་།
 སྡིག་སྤྱོད་འདོད་དོན་མ་གནང་ཡཱ་ཝཱེ། མི་སྙེམས་ཕྱིར་དེའི་བྱུས་ངན་སྒྲུབ་མ་གནང་། [སེ་ལཱ།]
 ཕྱོགས་ཀུན་ནས་ང་བསྐོར་བའི་ཁ་ལྤགས་ཀྱི། བྱུས་ངན་དེ་དག་རང་གི་མགོར་བབས་ཤོག
༡༠ དེ་ཚོའི་ཐོག་ཏུ་སོལ་མེ་འབབ་པར་ཤོག མེ་ཡི་ནང་དུ་དེ་རྣམས་སྐྱུར་བར་ཤོག སླར་མི་ལང་བའི་ཡང་དོང་ནང་དབྱུག་ཤོག
༡༡ ས་གཞིར་ཁ་ངན་གྱི་མི་འཚུགས་མི་འགྱུར། རྐྱེན་ངན་གྱིས་གཏུམ་པོར་འདེད་ཅིང་རྡབ་འོང་།
༡༢ ཡཱ་ཝཱེས་འུ་ཐུག་པའི་ཁྲིམས་དང་དབུལ་པོའི། ཐོབ་ཐང་ཕྱིར་དཔུང་གྲོགས་མཛད་པ་ངས་ཤེས།
༡༣ དྲང་པོས་ཁྱེད་ཀྱི་མཚན་ལ་གཏང་རག་བྱ། ཆོས་དྲང་ཁྱེད་དྲུང་ངེས་པར་གནས་པར་འགྱུར༎