[ཨལེཕ།]
༡༡༩
[ཨལེཕ།*] ཡཱ་ཝཱེའི་བཀའ་ཁྲིམས་བཞིན་དུ་སྤྱོད་པའི་མི། སྤྱོད་པ་ཕུན་སུམ་ཚོགས་པ་བཀྲ་ཤིས་སོ༎༢ ཁོང་གི་དཔང་མཛད་རྣམས་ནི་སྲུང་བྱེད་ཅིང་། སྙིང་ནི་ཧྲིལ་པོས་ཁོང་འཚོལ་བཀྲ་ཤིས་སོ༎
༣ འོ་ན་དེ་ཚོས་མི་རིགས་པ་མི་བྱེད། ཁོང་གི་ཕེབས་ལམ་རྣམས་ནང་དེ་དག་འགྲུལ།
༤ ངེད་ཀྱིས་ཤུགས་ཀྱིས་སྲུང་བར་བྱེད་པ་ལ། ཁྱེད་ཀྱི་སྤྱད་མཚམས་རྣམས་ནི་ངེད་ལ་གནང་།
༥ ཁྱེད་ཀྱི་བཀའ་རྣམས་སྲུང་བའི་ཕྱིར་བདག་གི། སྤྱོད་པ་བརྟན་པར་འགྱུར་ན་ཅི་མ་རུང་།
༦ ཁྱེད་ཀྱི་བཀའ་རྣམས་རྩི་མཚམས་ང་མི་སྐྱེང་།
༧ ཁྱེད་ཀྱི་ཁྲིམས་དྲང་རྣམས་ནི་ངས་སློབ་དུས། སྙིང་ནི་དྲང་པོས་ཁྱེད་ལ་གཏང་རག་འབུལ།
༨ བཀའ་རྣམས་སྲུང་འོང་ཡོངས་སུ་ང་མ་སྤོང་༎
[བེཐ།]
༩ གཞོན་ནུས་རང་ལམ་ཅི་ལྟར་གཙང་བར་བྱ། ཁྱེད་ཀྱི་བཀའ་བཞིན་དོགས་ཟོན་བྱེད་པས་ཐུབ།
༡༠ ངའི་སྙིང་ཧྲིལ་པོས་ཁྱེད་ཉིད་བཙལ་བ་ཡིན། ཁྱེད་ཀྱི་བཀའ་ཁྲིམས་ལས་ང་འཁྱར་མ་ཆུག
༡༡ ཁྱེད་དང་འགལ་བའི་སྡིག་པ་མི་བྱེད་ཕྱིར། བདག་གི་སྙིང་ནང་ཁྱེད་ཀྱི་བཀའ་བཞག་ཡོད།
༡༢ ཡ་ཧོ་ཝཱ་ཀྱེ་ཁྱེད་བཀྲ་ཤིས་པ་ལགས། ང་ལ་ཁྱེད་ཀྱི་སྤྱད་མཚམས་རྣམས་སློབ་མཛོད།
༡༣ ཁྱེད་ཀྱི་ཞལ་གྱི་བཀའ་ཁྲིམས་ཡོད་དོ་ཅོག བདག་གི་ཁ་ལྤགས་ཀྱིས་ནི་བཤད་པ་ཡིན།
༡༤ ནོར་ཀུན་ཕྱིར་དུ་དགའ་ལྟར་ང་ཁྱེད་ཀྱི། དཔང་མཛད་རྣམས་ཀྱི་ལམ་ལ་ང་དགའ་བྱུང་།
༡༥ ཁྱེད་ཀྱི་བཀའ་རྣམས་བདག་གིས་སྒོམ་པར་བྱ། ཁྱེད་ཀྱི་མཛད་ལུགས་རྣམས་ལ་སྟི་སྟང་བྱ།
༡༦ ཁྱེད་ཀྱི་སྤྱད་མཚམས་རྣམས་ནང་ང་དགའ་ཞིང་། ཁྱེད་ཀྱི་བཀའ་དེ་ངས་ནི་རྗེད་མི་བྱ།
[གི་མེལ།]
༡༧ ང་ནི་འཚོ་ཞིང་ཁྱེད་ཀྱི་བཀའ་སྲུང་ཕྱིར། ཁྱེད་ཀྱི་བྲན་པོ་ང་ལ་བཀའ་དྲིན་མཛོད།
༡༨ ཁྱེད་ཀྱི་བཀའ་ལས་ཁྱད་མཚར་རྣམས་མཐོང་དུ། བདག་གི་མིག་དེ་འབྱེད་པར་མཛད་དུ་གསོལ།
༡༩ ས་གཞིར་ང་རང་བྱེས་པ་ཞིག་ཡིན་པས། ཁྱེད་ཀྱི་བཀའ་རྣམས་ང་ལ་མ་སྦེད་ཅིག
༢༠ དུང་དུང་ཁྱེད་ཀྱི་བཀའ་ཁྲིམས་རྣམས་དྲན་ཞིང་། དུས་རྒྱུན་བདག་གི་སེམས་ལ་བདེ་བ་མེད།
༢༡ མི་གླུད་ཁྱེད་ཀྱི་བཀའ་ལས་འཁྱར་འགྲོ་བའི། ང་རྒྱལ་ཅན་ལ་ཁྱེད་ཀྱིས་བཀའ་བཀྱོན་ཏོ༎
༢༢ བདག་གིས་ཁྱེད་ཀྱི་དཔང་མཛད་རྣམས་བསྲུངས་པས། ཚིག་ངན་སྨོད་ཐོར་ང་ལས་རྒྱང་དུ་ཟློག
༢༣ སྐུ་དྲག་རྣམས་ཀྱང་བསྡད་དེ་ངའི་ཕྱིར་གླེང་། འོན་ཀྱང་ཁྱེད་ཀྱི་བྲན་ངས་བཀའ་ཁྲིམས་སྒོམ།
༢༤ ཁྱེད་ཀྱི་དཔང་མཛད་རྣམས་ནི་ང་རང་གི། དགའ་མགུ་བ་དང་གྲོས་འདེབས་མཁན་ཡིན་ནོ༎
[དཱ་ལེཐ།]
༢༥ ངའི་སེམས་ཐལ་བའི་ཁྲོད་དུ་འདྲེས་འགྲོ་བས། ཁྱེད་ཀྱི་བཀའ་བཞིན་ང་ནི་འཚོ་རུ་འཇུག
༢༦ ང་ཡི་ལམ་རྣམས་བཤད་པས་ཁྱེད་ལན་གནང་། ཁྱེད་ཀྱི་བསྲུང་བྱ་རྣམས་ནི་ངར་སློབ་མཛོད།
༢༧ ང་ལ་སྤྱད་མཚམས་རྣམས་ཀྱི་ལམ་རྟོགས་ཆུག ཁྱེད་ཀྱི་ཧ་ལས་ལས་རྣམས་ངས་སྒོམ་ཡོང་།
༢༨ སྡུག་བསྔལ་རྐྱེན་གྱིས་ངའི་སེམས་འཇུ་འགྲོ་བས། ཁྱེད་ཀྱི་བཀའ་བཞིན་ང་ལ་སྟོབས་གནོང་ཞིག
༢༩ རྫུན་གྱི་ལམ་ལས་ཐག་རིང་ང་འཐེན་མཛོད། ཁྱེད་ཀྱི་བཀའ་ཁྲིམས་ང་ལ་གནང་དུ་གསོལ།
༣༠ བདག་གིས་བག་ཡོད་ལམ་དེ་འདམས་པ་ཡིན། ཁྱེད་ཀྱི་བཀའ་གནང་རྣམས་ངའི་མདུན་བཞག་ཡོད།
༣༡ ཁྱེད་ཀྱི་དཔང་མཛད་རྣམས་ལ་ང་འཁྲིལ་པས། ཀྱེ་ཡ་ཧོ་ཝཱ་ངའི་ངོ་ཚ་མ་ཆུག
༣༢ ཁྱེད་ཀྱིས་ངའི་སྙིང་རྒྱ་ཆེ་མཛད་པའི་ཚེ། ཁྱེད་ཀྱི་བཀའ་རྣམས་ལམ་ནང་ང་རྒྱུག་འོང་༎
[ཧཱེ།]
༣༣ ཡཱ་ཝཱེ་ཁྱེད་ཀྱི་བསྲུང་བྱའི་ལམ་སྟོན་དང་། མཐའ་མའི་བར་དུ་ངས་དེ་སྲུང་བར་བྱ།
༣༤ བློ་གྲོས་གནོང་དང་བཀའ་ཁྲིམས་སྲུང་བར་བྱ། འོ་ན་སྙིང་ཧྲིལ་པོས་དེ་སྲུང་བར་བྱ།
༣༥ ཁྱེད་ཀྱི་བཀའི་ལམ་ནང་དུ་ང་འཁྲིད་མཛོད། དེ་ཡི་ནང་དུ་བདག་གི་སེམས་ཡི་རང་།
༣༦ ངའི་སྙིང་སེར་སྣའི་ཕྱོགས་འདྲེན་མ་མཛད་པར། ཁྱེད་ཀྱི་དཔང་མཛད་རྣམས་ལ་འབུངས་སུ་ཆུག
༣༧ སྙིང་པོ་མེད་པ་ལས་ངའི་མིག་སྲུང་ཞིང་། ཁྱེད་ཀྱི་གཤེགས་ལམ་རྣམས་ནང་ང་འཚོ་ཆུག
༣༨ ཁྱེད་ཀྱི་འཇིགས་པར་རག་ལས་པའི་ཁྱེད་ཀྱི། བཀའ་དེ་ཁྱེད་ཀྱི་བྲན་དོན་སྒྲུབ་པར་མཛོད།
༣༩ ཁྱེད་ཀྱི་གཤགས་རྣམས་བཟང་བས་ང་འཇིགས་པའི། བདག་གི་སྨོད་ཟོར་རྒྱང་དུ་ཟློག་པར་མཛོད།
༤༠ གཟིགས་ངས་ཁྱེད་ཀྱི་སྤྱད་མཚམས་དུང་དུང་དྲན། ཁྱེད་ཀྱི་དྲང་བ་ཉིད་ཀྱིས་ང་འཚོ་ཆུག།
[ཝཱའོ།]
༤༡ ཁྱེད་ཀྱི་བཀའ་བཞིན་ཀྱེ་ཡཱ་ཝཱེ་ཁྱེད་ཀྱི། སྐྱབས་དང་ཐུགས་རྗེ་ངའི་སྟེང་འབབ་པར་ཤོག
༤༢ ཁྱེད་ཀྱི་བཀའ་ལ་བདག་གི་བློ་གཏད་པས། ང་ལ་སྨད་མཁན་རྣམས་ལ་ལན་འདེབས་བྱ།
༤༣ ཁྱེད་ཀྱི་བཀའ་གནང་རྣམས་ལ་ངས་རེ་བས། བདག་གི་ཁ་ལས་བདེན་ཚིག་འཕྲལ་མ་མཛད།
༤༤ དུས་རྒྱུན་གཏན་དུ་བཀའ་ཁྲིམས་ངས་སྲུང་འོང་།
༤༥ ཁྱེད་ཀྱི་སྤྱད་མཚམས་རྣམས་ངས་བཙལ་བས་ན། ཡངས་པའི་ས་ཆར་བདག་ནི་འགྲུལ་བར་བྱ།
༤༦ ཁྱེད་ཀྱི་དཔང་མཛད་རྒྱལ་པོ་རྣམས་ཀྱི་དྲུང་། འཆད་པར་བྱ་ཞིང་ང་ནི་ཁྲེལ་མི་འོང་།
༤༧ ང་ཆགས་ཁྱེད་ཀྱི་བཀའ་ལ་ང་དགའ་འོང་།
༤༨ ང་ཡིས་གཅེས་པར་བཟུང་བའི་ཁྱེད་བཀའ་རྣམས། ཕྱོགས་སུ་བདག་གིས་ལག་པ་འདེགས་པར་བྱ། ཁྱེད་ཀྱི་བསྲུང་བྱ་རྣམས་ངས་སྒོམ་པར་བྱ༎
[ཟེན།]
༤༩ ཁྱེད་ཀྱི་བདག་ལ་རེ་བ་སྐྱེད་བཅུག་པས། བྲན་པོ་ང་ལ་མཛད་པའི་བཀའ་དྲན་མཛོད།
༥༠ ཁྱེད་ཀྱི་བཀས་ང་གསོན་པོ་མཛད་བྱུང་བས། འདི་ངའི་སྡུག་བསྔལ་ནང་གི་སེམས་གསོ་ཡིན།
༥༡ ང་རྒྱལ་ཅན་ཚོས་ང་ལ་མང་འཕྱས་རུང་། ཁྱེད་ཀྱི་བཀའ་ཁྲིམས་ལས་ང་མ་བྱོལ་ཏོ༎
༥༢ ཁྱེད་ཀྱི་སྔར་ཁྲིམས་རྣམས་དྲན་སེམས་གསོ་བྱུང་།
༥༣ ཁྱེད་ཀྱི་བཀའ་ཁྲིམས་སྤོང་བའི་སྡིག་སྤྱོད་རྐྱེན། ང་ལ་ཁྲོ་གཏུམ་དྲག་པོས་བཟུང་བར་བྱས།
༥༤ བདག་ནི་རྒྱལ་ཁམས་པ་ཡི་ཁང་པའི་ནང་། ཁྱེད་ཀྱི་བསྲུང་བྱ་རྣམས་ངའི་གླུ་རུ་གྱུར།
༥༥ མཚན་མོར་ཁྱེད་ཀྱེ་ཡ་ཧོ་ཝཱ་ཡི་མཚན། དྲན་ནས་ཁྱེད་ཀྱི་བཀའ་ཁྲིམས་ངས་བསྲུངས་སོ༎
༥༦ སྤྱད་མཚམས་བསྲུངས་བས་ང་ལ་དེ་ལྟར་བྱུང་༎
[ཅཱེཐ།]
༥༧ ཡཱ་ཝཱེ་ངའི་སྐལ་ཡིན་པས་ཁྱེད་ཀྱི་ནི། བཀའ་རྣམས་སྲུང་བར་བྱ་ཞེས་ངས་སྨྲས་སོ༎
༥༨ སྙིང་ནི་ཧྲིལ་པོས་ཁྱེད་ཀྱི་བཀའ་དྲིན་ཞུ། ཁྱེད་ཀྱི་བཀའ་བཞིན་ང་ལ་སྙིང་རྗེ་མཛོད།
༥༩ རང་གི་ལམ་ལ་བསམ་བློ་ངས་བཏང་ནས། ཁྱེད་ཀྱི་དཔང་མཛད་རྣམས་ཕྱོགས་གོམ་སྟབས་བསྒྱུར།
༦༠ ཁྱེད་ཀྱིས་བཀའ་གནང་བ་རྣམས་སྲུང་བའི་ཕྱིར། འགོར་དུ་མ་བཅུག་པར་ང་རིངས་པ་ཡིན།
༦༡ སྡིག་སྤྱོད་རྣམས་ཀྱི་ཐག་པས་ང་དཀྲིས་རུང་། ཁྱེད་ཀྱི་བཀའ་ཁྲིམས་བདག་གིས་མ་རྗེད་དོ༎
༦༢ ཁྱེད་ཀྱི་དྲང་བའི་བཀའ་རྣམས་ཕྱིར་ཁྱེད་ལ། གཏང་རག་འབུལ་དུ་མཚན་གུང་ང་ལང་འོང་།
༦༣ ཁྱེད་ལ་འཇིགས་མཁན་ཀུན་དང་སྤྱད་མཚམས་རྣམས། སྲུང་བ་རྣམས་ཀྱི་གྲོགས་པོ་ང་ཡིན་ནོ༎
༦༤ ཁྱེད་ཀྱི་ཡཱ་ཝཱེའི་ཐུགས་རྗེས་ས་གཞི་གང་། ཁྱེད་ཀྱི་བསྲུང་བྱ་རྣམས་ནི་ངར་སློབ་མཛོད༎
[ཏཱེཐ།]
༦༥ ཁྱེད་ཀྱེ་ཡ་ཧོ་ཝཱ་ཡི་བཀའ་བཞིན་དུ། ཁྱེད་ཀྱི་བྲན་པོར་ལེགས་པ་མཛད་བྱུང་ངོ་༎
༦༦ ཁྱེད་ཀྱི་བཀའ་སྩལ་རྣམས་ལ་ང་དད་པས། འོས་འཚམས་དང་ནི་ཤེས་རབ་ངར་སློབ་མཛོད།
༦༧ སྡུག་ནི་མ་ཕོག་སྔར་ང་ལམ་སྟོར་ཡང་། ད་ལྟ་བདག་གིས་ཁྱེད་ཀྱི་བཀའ་སྲུང་ངོ་༎
༦༨ ཁྱེད་ནི་བཟང་པོ་ལགས་པས་བཟང་པོ་མཛད། ཁྱེད་ཀྱི་སྲུང་བྱ་རྣམས་ནི་ངར་སློབ་མཛོད།
༦༩ ང་རྒྱལ་ཅན་ཚོས་ངའི་ཕྱིར་རྫུན་གཏམ་བསྒྲིགས། ངས་སྙིང་ཧྲིལ་ནས་ཁྱེད་ཀྱི་སྤྱད་མཚམས་སྲུང་།
༧༠ དེ་ཚོའི་སྙིང་ནི་སྣུམ་གྱིས་རྒྱགས་གྱུར་རུང་། ང་ནི་ཁྱེད་ཀྱི་བཀའ་ཁྲིམས་ལ་སེམས་དགའ།
༧༡ ཁྱེད་ཀྱི་བསྲུང་བྱ་རྣམས་ངས་སློབ་པའི་ཕྱིར། ང་ལ་སྡུག་བསྔལ་བྱུང་བ་ལེགས་པ་སོང་།
༧༢ གསེར་དངུལ་སྟོང་ཕྲག་མང་པོ་བས་ཁྱེད་ཀྱི། ཞལ་གྱི་བཀའ་ཁྲིམས་ང་ལ་ལྷག་པ་ཡིན༎
[ཡཱོད།]
༧༣ ང་ཁྱེད་ཕྱག་གིས་བཀོད་ནས་བཟོ་བཏོན་མཛད། བཀའ་རྣམས་རྟོགས་ཕྱིར་ང་ལ་བློ་གྲོས་གནོང་།
༧༤ ཁྱེད་ཀྱི་བཀའ་ལ་རེ་བ་ངས་བྱས་པས། ཁྱེད་ལ་འཇིགས་པའི་མིས་ང་མཐོང་ནས་དགའ།
༧༥ ཁྱེད་ཀྱེ་ཡཱ་ཝཱེའི་གཤགས་དྲང་ངས་ཤེས་སོ། ཐུགས་དྲང་ནང་ནས་ང་ལ་སྡུག་བསྔལ་བསྟེར།
༧༦ ཁྱེད་ཀྱི་བྲན་པོར་གསུངས་པའི་བཀའ་བཞིན་དུ། ཁྱེད་ཀྱི་བྱམས་བརྩེས་ངའི་སེམས་གསོ་བར་ཤོག
༧༧ ཁྱེད་ཀྱི་བཀའ་ཁྲིམས་ལ་ང་ཡི་རང་བས། ཁྱེད་ཀྱི་ཐུགས་རྗེ་ང་འཚོ་ཕྱིར་བབས་ཤོག
༧༨ ལོག་པར་བྱས་པའི་ང་རྒྱལ་ཅན་སྐྱེངས་ཤོག བདག་གིས་ཁྱེད་ཀྱི་སྤྱད་མཚམས་རྣམས་སྒོམ་འོང་།
༧༩ ཁྱེད་ལ་འཇིགས་མཁན་རྣམས་ངའི་ཕྱོགས་འཁོར་ཤོག དེ་ཚོས་ཁྱེད་ཀྱི་དཔང་མཛད་རྣམས་ཤེས་འོང་།
༨༠ ངའི་ངོ་ཚ་བར་མི་འགྱུར་ཕྱིར་ཁྱེད་ཀྱི། བསྲུང་བྱ་སྲུང་དུ་ངའི་སྙིང་མཐར་ཕྱིན་ཤོག།
[ཀཱཕ།]
༨༡ ཁྱེད་ཀྱི་སྐྱབས་ཕྱིར་ངའི་སྙིང་བརྒྱལ་ནས་འགྲོ། འོན་ཀྱང་ཁྱེད་ཀྱི་བཀའ་ལ་རེ་བ་བྱེད།
༨༢ ཁྱེད་ཀྱིས་ང་ལ་སེམས་བདེ་ནམ་གནང་འོང་། ཞུ་ཞིང་ཁྱེད་ཀྱི་བཀར་བལྟས་ནས་མིག་ནོངས།
༨༣ དུད་པ་བདུགས་པའི་རྐྱལ་པ་ལྟར་ང་འགྱུར། ད་དུང་ཁྱེད་ཀྱི་བསྲུང་བྱ་ངས་མི་རྗེད།
༨༤ ཁྱེད་ཀྱི་བྲན་པོའི་ཞག་གྲངས་ཅི་ཙམ་ཡོད། ང་ལ་འཚེ་མཁན་གྱི་ཁྲིམས་ནམ་གཅད་འོང་།
༨༥ ཁྱེད་ཀྱི་བཀའ་ཁྲིམས་རྗེས་སུ་མི་འབྲང་བའི། རང་མཐོང་ཅན་ཚོས་ངའི་ཕྱིར་དོང་རྣམས་བྲུས།
༨༦ ཁྱེད་ཀྱི་བཀའ་སྩལ་ཚང་མ་བདེན་པ་ལགས། དེ་ཚོས་གཡོ་ཡིས་འཚེ་བས་སྐྱབས་མཛོད་ཅིག
༨༧ ཅུང་ཞིག་མིན་པར་དེ་ཚོས་ང་ཚར་བཅད།
༨༨ ཁྱེད་ཀྱི་བྱམས་གཟིགས་བཞིན་ང་འཚོ་རུ་ཆུག ཁྱེད་ཀྱི་ཞལ་གྱི་དཔང་མཛད་རྣམས་ངས་བསྲུང་༎
[ལཱ་མེད།]
༨༩ ཁྱེད་ཀྱེ་ཡ་ཧོ་ཝཱའི་བཀའ་དུས་རྒྱུན་ཕྱིར། ནམ་མཁའི་ནང་དུ་འཇགས་པར་མཛད་པ་ཡིན།
༩༠ ཁྱེད་ཀྱི་ཐུགས་དྲང་མི་རབས་ཀུན་ཏུ་གནས། ཁྱེད་ཀྱིས་ས་གཞི་བཙུགས་པས་བརྟན་པར་གནས།
༩༡ ཚང་མ་ཁྱེད་ཀྱི་བྲན་ཡིན་པས་ཁྱེད་ཀྱི། བཀའ་བཞིན་དེ་རྣམས་དེ་རིང་བར་དུ་གནས།
༩༢ ཁྱེད་ཀྱི་བཀའ་ཁྲིམས་ངའི་དགའ་སར་མེད་ཚེ། རང་གི་སེམས་སྡུག་ནང་ང་ཤི་བ་ཡིན།
༩༣ ཁྱེད་ཀྱི་སྤྱད་མཚམས་ནམ་ཡང་ངས་མི་རྗེད། དེ་དག་ཐབས་ཀྱིས་ཁྱེད་ཀྱིས་ང་གསོན་བཅུག
༩༤ ཁྱེད་ཀྱི་སྤྱད་མཚམས་རྣམས་ནི་ངས་བཙལ་བས། ང་ནི་ཁྱེད་ཀྱི་ཡིན་ཏེ་སྐྱོབ་པར་མཛོད།
༩༥ ང་ནི་གསོད་ཕྱིར་སྡིག་སྤྱོད་འཇབས་གྱུར་ཀྱང་། ཁྱེད་དཔང་མཛད་ལ་བསམ་བློ་ངས་གཏང་ངོ་༎
༩༦ མཐར་ཕྱིར་ཀུན་ལ་མཐའ་མ་ཡོད་མཐོང་ཡང་། ཁྱེད་ཀྱི་བཀའ་ནི་རབ་ཏུ་མཐའ་ཡས་ལགས༎
[མཱེམ།]
༩༧ ཁྱེད་ཀྱི་བཀའ་ཁྲིམས་ལ་ང་ཇི་ལྟར་ཆགས། ཉིན་གང་བདག་གིས་དེ་ནི་སྒོམ་པར་བྱེད།
༩༨ ཁྱེད་ཀྱི་བཀའ་རྣམས་ང་དང་གཏན་འགྲོགས་པས། ངའི་དགྲ་རྣམས་ལས་དེས་ང་མཁས་པར་མཛད།
༩༩ ཁྱེད་ཀྱི་དཔང་མཛད་རྣམས་ངས་སྒོམ་པས་ན། བདག་གི་སློབ་དཔོན་ཀུན་པས་ང་རང་མཁས།
༡༠༠ ཁྱེད་ཀྱི་སྤྱད་མཚམས་རྣམས་ངས་བསྲུངས་པའི་རྐྱེན། རྒན་པོ་རྣམས་ལས་རྟོགས་པ་ང་ལ་ཟབ།
༡༠༡ ཁྱེད་ཀྱི་བཀའ་བཞིན་སྤྱོད་ཕྱིར་ངའི་རྐང་པ། ཤུལ་ལམ་ངན་པ་ཀུན་ངས་དགག་པ་ཡིན།
༡༠༢ ཁྱེད་ཀྱིས་ང་ལ་བསླབས་པས་ང་ཁྱེད་ཀྱི། བཀས་བཅད་རྣམས་ལས་འབྱོལ་བར་མ་བྱས་སོ༎
༡༠༣ ཁྱེད་ཀྱི་བཀའ་རྣམས་ང་ལ་ཇི་ལྟར་མངར། བདག་གི་ཁ་ལ་སྦྲང་རྩི་བས་ཀྱང་མངར།
༡༠༤ ཁྱེད་ཀྱི་སྤྱད་མཚམས་ལས་ནི་ཤེས་རབ་རྙེད། རྫུན་གྱི་ལམ་གང་རུང་ལ་ངས་སྡང་ངོ་༎
[ནུན།]
༡༠༥ ཁྱེད་ཀྱི་བཀའ་ངའི་རྐང་པའི་མར་མེ་དང་། བདག་གི་ཤུལ་ལམ་ཕྱིར་དུ་འོད་ཡིན་ནོ༎
༡༠༦ ཁྱེད་ཀྱི་བདེན་པའི་བཀའ་རྣམས་སྲུང་བའི་ཕྱིར། ངས་མནའ་བསྐྱལ་ནས་དེ་ལ་བརྟན་པར་གནས།
༡༠༧ ང་ནི་ཤིན་ཏུ་མནར་བས་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་བཀའ་བཞིན་ང་ནི་འཚོ་འཇུག་མཛོད།
༡༠༨ རང་སེམས་དགའ་བའི་ངའི་ཁའི་མཆོད་འབུལ་འདི། ཁྱེད་ཀྱི་ཐུགས་སུ་བཞེས་ཕྱིར་ཞུ་ཡཱ་ཝཱེ། ཁྱེད་ཀྱི་མན་ངག་རྣམས་ནི་ང་ལ་སློབ།
༡༠༩ དུས་རྒྱུན་ངའི་སྲོག་ལག་མཐིལ་ཁར་ཡོད་རུང་། བདག་གིས་ཁྱེད་ཀྱི་བཀའ་ཁྲིམས་མི་རྗེད་དོ༎
༡༡༠ ང་ལ་སྡིག་སྤྱོད་རྣམས་ཀྱིས་རྙི་བཙུགས་རུང་། ཁྱེད་ཀྱི་སྤྱད་མཚངས་རྣམས་ལས་ང་མ་འཁྱར།
༡༡༡ ཁྱེད་ཀྱི་དཔང་མཛད་ལ་ངའི་སྙིང་དགའ་བས། དེ་རྣམས་བདག་གི་གཏན་གྱི་ནོར་སྐལ་ཡིན།
༡༡༢ དུས་རྒྱུན་ཚེ་མཇུག་བར་དུ་ཁྱེད་ཉིད་ཀྱི། བསྲུང་བྱ་སྒྲུབ་ཏུ་སྙིང་ནི་བཏང་བ་ཡིན༎
[སཱ་མེཀ]
༡༡༣ སེམས་རྩེ་གཉིས་པ་རྣམས་ལ་ངས་སྡང་ཡང་། ཁྱེད་ཀྱི་བཀའ་ཁྲིམས་ལ་ངས་གཅེས་པར་འཛིན།
༡༡༤ ཁྱེད་ཉིད་བདག་གི་ཕུབ་དང་སྐྱབས་གནས་ཡིན། བདག་གིས་ཁྱེད་ཀྱི་བཀའ་ལ་རེ་བ་བྱེད།
༡༡༥ ངའི་དཀོན་མཆོག་གི་བཀའ་རྣམས་སྲུང་ཐུབ་ཕྱིར། ལས་ངན་བྱེད་མཁན་ཁྱེད་རྣམས་ཕར་སོང་ཞིག
༡༡༦ ཁྱེད་བཀའ་བཞིན་ང་འཚོ་རུ་ཉ་ར་མཛོད། ངས་ནི་རེ་བ་བྱེད་པས་སྐྱེང་མ་ཆུག
༡༡༧ ང་ལ་ཉ་ར་མཛོད་དང་ང་བདེ་ཞིང་། རྟག་ཏུ་བསྲུང་བྱ་རྣམས་ལ་ཞེ་ས་བྱ།
༡༡༨ བསྲུང་བྱ་ལས་ནི་འཁྱར་ཀུན་ཁྱེད་ཀྱིས་བཀྲལ། དེ་ཚོའི་གཡོ་སྒྱུ་ཕན་མེད་ཡིན་པས་སོ༎
༡༡༩ དྲེག་པ་ལྟ་བུར་ས་ལས་སྡིག་སྤྱོད་ཀུན། བསྐྲད་པས་ཁྱེད་ཀྱི་དཔང་མཛད་ལ་ང་དགའ།
༡༢༠ ཁྱེད་ལ་འཇིགས་ཤིང་ང་ཡི་ལུས་འདར་ཏེ། ཁྱེད་ཀྱི་བཀས་བཅད་རྣམས་ལ་ང་འཇིགས་སོ༎
[ཨཱེན།]
༡༢༡ གཤགས་དྲང་དང་ནི་འོས་འཚམས་ངས་བྱས་པས། ངའི་མགོ་ནོན་མཁན་རྣམས་ལག་ང་མ་གནང་།
༡༢༢ ཁྱེད་ཀྱི་བྲན་པོ་ལེགས་ཕྱིར་ཁག་ཐེག་མཛོད། ཁེངས་དྲེགས་ཅན་ཚོས་ངའི་མགོ་ནོན་མ་ཆུག
༡༢༣ ཁྱེད་ཀྱི་སྐྱབས་དང་དྲང་བ་ཉིད་ཀྱི་བཀར། བལྟ་ཞིང་བདག་གི་མིག་གཉིས་ཐིབས་གྱུར་ཏོ༎
༡༢༤ ཁྱེད་ཀྱི་ཐུགས་རྗེར་མཚུངས་ནས་བྲན་པོར་གཟིགས། ང་ལ་ཁྱེད་ཀྱི་བསྲུང་བྱ་རྣམས་སློབ་མཛོད།
༡༢༥ ཁྱེད་ཀྱི་དཔང་མཛད་རྣམས་ངས་རྟོགས་པའི་ཕྱིར། ཁྱེད་ཀྱི་བྲན་པོར་ཤེས་རབ་གནང་དུ་མཛོད།
༡༢༦ དེ་ཚོས་ཁྱེད་ཀྱི་བཀའ་ཁྲིམས་བཅག་པས་ན། ཡཱ་ཝཱེས་ཕྲིན་ལས་མཛད་པའི་དུས་ལ་བབས།
༡༢༧ དེའི་ཕྱིར་གསེར་དང་གསེར་དྭངས་མ་བས་ཀྱང་། ཁྱེད་ཀྱི་བཀའ་རྣམས་ལ་ང་ལྷག་པར་ཆགས།
༡༢༨ དེས་ན་སྤྱད་མཚམས་ཀུན་ངས་བདེན་པར་འཛིན། ཕྱིན་ཅི་ལོག་གི་ལམ་ཀུན་ལ་ངས་སྡང་༎
[པཱེ།]
༡༢༩ ཁྱེད་ཀྱི་དཔང་མཛད་རྣམས་ནི་ངོ་མཚར་སྟེ། དེའི་ཕྱིར་དེ་རྣམས་བདག་གི་སེམས་ཀྱིས་སྲུང་།
༡༣༠ ཁྱེད་ཀྱི་བཀའ་རྣམས་གྲོལ་ན་འོད་ཤར་ཏེ། དྲང་པོ་རྣམས་ལ་དེ་ཡིས་ཤེས་རབ་སྟེར།
༡༣༡ ཁྱེད་ཀྱི་བཀའ་རྣམས་དུང་དུང་ངས་དྲན་པས། ངས་ཁ་ཆེ་རུ་གདངས་ནས་དབུགས་ཐུག་བྱུང་།
༡༣༢ ཁྱེད་ཀྱི་མཚན་ལ་ཆགས་པར་ཐོབ་འོས་བཞིན། ང་ལ་གཟིགས་ཤིང་སྙིང་རྗེ་མཛད་དུ་གསོལ།
༡༣༣ ཁྱེད་ཀྱི་བཀས་ངའི་རྐང་པ་འཁྲིད་མཛད་ཅིང་། ཉེས་པས་ང་ལ་དབང་སྲིད་བྱེད་མ་གནང་།
༡༣༤ མིས་ངའི་མགོ་ནོན་པ་ལས་སྒྲོལ་མཛོད་དང་། ཁྱེད་ཀྱི་སྤྱད་མཚམས་རྣམས་ངས་སྲུང་བར་བྱ།
༡༣༥ བྲན་པོར་ཞལ་གྱི་འོད་མདངས་སྣང་བར་མཛོད། ཁྱེད་ཀྱི་བསྲུང་བྱ་རྣམས་ནི་ངར་སློབ་མཛོད།
༡༣༦ དེ་ཚོས་ཁྱེད་ཀྱི་བཀའ་ཁྲིམས་མི་སྲུང་བས། བདག་གི་མིག་ལས་མཆི་མའི་གཙང་པོ་རྒྱུག།
[ཚེ་དཱེ།]
༡༣༧ ཁྱེད་ཀྱེ་ཡཱ་ཝཱེ་བདེན་པ་ཉིད་ལགས་ཏེ། ཁྱེད་ཀྱི་བཀས་བཅད་རྣམས་ནི་དྲང་པོ་ལགས།
༡༣༨ དྲང་ཞིང་ཡང་དག་བདེན་པ་ཉིད་ཀྱི་ནང་། ཁྱེད་ཀྱི་དཔང་མཛད་རྣམས་ནི་བསྟན་པ་ཡིན།
༡༣༩ ཁྱེད་ཀྱི་བཀའ་རྣམས་ངའི་དགྲ་ཚོས་བརྗེད་པས། ང་ཡི་ཁྲག་རླུང་གིས་ང་ཟ་བར་བྱས།
༡༤༠ ཁྱེད་ཀྱི་བཀའ་ནི་ཤིན་ཏུ་གཙང་བས་ན། ཁྱེད་ཀྱི་བྲན་པོས་དེ་ནི་གཅེས་པར་འཛིན།
༡༤༡ ང་ནི་དམན་ཞིང་ཐ་ཤལ་ཡིན་ན་ཡང་། ཁྱེད་ཀྱི་སྤྱད་མཚམས་རྣམས་ནི་ངས་མི་རྗེད།
༡༤༢ ཁྱེད་ཀྱི་བདེན་པ་གཏན་གྱི་བདེན་པ་ལགས། ཁྱེད་ཀྱི་བཀའ་ཁྲིམས་བདེན་པ་ཉིད་ལགས་སོ༎
༡༤༣ ཟུག་གཟེར་སྡུག་བསྔལ་གྱིས་ང་ཐེབས་གྱུར་ཀྱང་། ཁྱེད་བཀའ་རྣམས་ཀྱིས་ང་ནི་དགའ་བར་བྱེད།
༡༤༤ ཁྱེད་ཀྱི་དཔང་མཛད་རྣམས་ནི་གཏན་དུ་དྲང་། ང་ལ་ཤེས་རབ་གནོང་དང་ང་འཚོ་འོང་༎
[ཀཱོཕ།]
༡༤༥ ངའི་སྙིང་ཧྲིལ་པོས་བོས་པས་བཀའ་ལན་གནོང་། ཁྱེད་ཀྱེ་ཡཱ་ཝཱེའི་སྤྱད་མཚམས་ངས་སྲུང་འོང་།
༡༤༦ བདག་གིས་འོ་དོད་བོས་པས་སྐྱོབས་ཤིག་དང་། ཁྱེད་ཀྱི་དཔང་མཛད་རྣམས་ངས་སྲུང་བར་བྱ།
༡༤༧ ཐོ་རངས་སྔོན་ངས་ཁྱེད་ལ་འོ་དོད་བོས། ཁྱེད་ཀྱི་བཀའ་རྣམས་ལ་ངས་རེ་བ་བྱས།
༡༤༨ ཁྱེད་ཀྱི་བཀའ་ནི་སྒོམ་པར་བྱེད་པའི་ཕྱིར། མེལ་ཚེའི་ཐུན་ལས་སྔོན་དུ་མིག་བྱེས་སོ༎
༡༤༩ ཁྱེད་ཀྱི་བྱམས་གཟིགས་མཚུངས་པར་ངའི་སྐད་གསོན། ཁྱེད་ཀྱེ་ཡཱ་ཝཱེའི་གཤགས་བཞིན་ང་འཚོ་ཆུག
༡༥༠ ངན་པའི་རྗེས་འབྲང་རྣམས་ང་དང་ཉེ་སྟེ། དེ་རྣམས་ཁྱེད་ཀྱི་བཀའ་ཁྲིམས་ལས་རྒྱང་རིང་།
༡༥༡ ཁྱེད་ཐག་ཉེ་བར་བཞུགས་སོ་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་བཀའ་སྩལ་ཐམས་ཅད་བདེན་པ་ལགས།
༡༥༢ ཁྱེད་ཀྱིས་དེ་རྣམས་གཏན་ཕྱིན་འཇགས་མཛད་པ། ཁྱེད་ཀྱི་དཔང་མཛད་རྣམས་ལས་སྔར་ངས་རྟོགས༎
[རཱེཤ]
༡༥༣ ཁྱེད་ཀྱི་བཀའ་ཁྲིམས་བདག་གིས་མི་རྗེད་པས། ང་ཡི་སྡུག་བསྔལ་དགོངས་ཤིང་ཐར་བར་མཛོད།
༡༥༤ ང་ཡི་དོ་ཆོད་མཛད་ནས་ང་ཐར་ཆུག ཁྱེད་ཀྱི་བཀའ་བཞིན་ང་ནི་འཚོ་རུ་ཆུག
༡༥༥ སྡིག་སྤྱོད་རྣམས་ཀྱིས་ཁྱེད་ཀྱི་སྤྱད་མཚམས་རྣམས། མི་སྲུང་སྐྱབས་ནི་དེ་དག་དང་རྒྱང་རིང་།
༡༥༦ ཁྱེད་ཀྱི་ཐུགས་རྗེ་ཆེ་སྟེ་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་བཀས་བཅད་བཞིན་ང་འཚོ་རུ་མཛོད།
༡༥༧ ང་ལ་འཚེ་མཁན་དང་ནི་དགྲ་མང་རུང་། ཁྱེད་ཀྱི་དཔང་མཛད་རྣམས་ལས་ང་མ་འཁྱར།
༡༥༨ གཡོ་སྒྱུ་ཅན་ཚོས་ཁྱེད་ཀྱི་བཀའ་མི་སྲུང་། དེའི་ཕྱིར་ང་ལ་སེམས་སྐྱོ་བྱུང་བ་ཡིན།
༡༥༩ ཁྱེད་ཀྱི་བཀའ་ལ་ཅི་ཙམ་ང་ཆགས་གཟིགས། ང་ཁྱེད་ཡཱ་ཝཱེའི་བྱམས་གཟིགས་བཞིན་འཚོ་འཇུག
༡༦༠ ཁྱེད་ཀྱི་བཀའ་ཡི་སྙིང་པོ་བདེན་པ་ཡིན། ཁྱེད་ཀྱི་བདེན་པའི་བཀའ་ཀུན་རྟག་ཏུ་གནས༎
[ཤཱིན།]
༡༦༡ སྐུ་དྲག་རྣམས་ཀྱིས་དོན་མེད་ང་ལ་བཙེས། ཁྱེད་ཀྱི་བཀའ་སྩལ་རྣམས་ལ་ངའི་སྙིང་འཇིགས།
༡༦༢ བཅོམ་ནོར་ཆེན་པོ་ཐོབ་པའི་མི་ལྟར་དུ། ཁྱེད་ཀྱི་བཀའ་ལ་ང་ནི་ཡི་རང་ངོ་༎
༡༦༣ རྫུན་ལ་བདག་གིས་སྡང་ཞིང་ཞེན་ལོག་ཀྱང་། ཁྱེད་ཀྱི་བཀའ་ཁྲིམས་རྣམས་ལ་ང་ཆགས་སོ༎
༡༦༤ ཁྱེད་ཀྱི་ཞལ་ཆེ་དྲང་པོ་རྣམས་ཀྱི་ཕྱིར། ཉིན་རེར་ལན་བདུན་ཁྱེད་ལ་བསྟོད་པར་བྱེད།
༡༦༥ བཀའ་ཁྲིམས་རྣམས་ལ་ཆགས་པར་ཞི་བདེ་ཆེ། དེ་རྣམས་འབུབ་པར་འགྱུར་བའི་སྐབས་མི་བྱུང་།
༡༦༦ ཁྱེད་ཀྱེ་ཡཱ་ཝཱེའི་སྐྱབས་ལ་ངས་རེ་ཞིང་། ཁྱེད་ཀྱི་བཀའ་རྣམས་བཞིན་དུ་བསྒྲུབ་པ་ཡིན།
༡༦༧ ཁྱེད་ཀྱི་དཔང་མཛད་རྣམས་ངའི་སེམས་ཀྱིས་བསྲུངས། དེ་རྣམས་ང་ཡི་སེམས་ཀྱིས་གཅེས་པར་འཛིན།
༡༦༨ ཁྱེད་ཀྱི་སྤྱན་སྔར་ངའི་ལམ་རྣམས་ཡོད་པས། ཁྱེད་ཀྱི་དཔང་མཛད་རྣམས་དང་སྤྱད་མཚམས་བསྲུངས༎
[ཏཱའོ།]
༡༦༩ ཡཱ་ཝཱེའི་ཁྱེད་དྲུང་ང་ཡི་ངུ་འབོད་བསྙེན། ཁྱེད་ཀྱི་བཀའ་བཞིན་ང་ལ་ཤེས་རབ་གནོང་།
༡༧༠ ཁྱེད་ཀྱི་སྐུ་དྲུང་ང་ཡི་གསོལ་འདེབས་བསྙེན། ཁྱེད་ཀྱི་བཀའ་བཞིན་ང་ནི་ཐར་བར་མཛོད།
༡༧༡ ཁྱེད་ཀྱིས་ང་ལ་བསྲུང་བྱ་རྣམས་སློབ་པས། བདག་གི་མཆུ་ལས་བསྟོད་པ་འབྱུང་བར་ཤོག
༡༧༢ ཁྱེད་ཀྱི་བཀའ་ཀུན་བདེན་པ་ཉིད་ལགས་པས། ངའི་ལྕེས་ཁྱེད་བཀའི་མགུར་མ་ལེན་པར་ཤོག
༡༧༣ ཁྱེད་ཀྱི་སྤྱད་མཚམས་ངས་ནི་འདམས་པས་ན། ཁྱེད་ཕྱག་ང་སྐྱབས་མཛད་ཆོག་ཡོད་པར་ཤོག
༡༧༤ ཁྱེད་ཀྱེ་ཡཱ་ཝཱེའི་སྐྱབས་ཕྱིར་གདུང་ཤུགས་བྱུང་། ཁྱེད་ཀྱི་བཀའ་ཁྲིམས་ལ་ང་དགའ་བ་ཡིན།
༡༧༥ ངའི་སྲོག་འཚོ་ན་ཁྱེད་ལ་བསྟོད་པར་འགྱུར། ཁྱེད་བཀས་བཅད་ཀྱིས་ང་ནི་སྐྱོབ་པར་ཤོག
༡༧༦ ཁྱེད་ཀྱི་བཀའ་རྣམས་བདག་གིས་མི་རྗེད་པས། སྟོར་བའི་ལུག་ལྟར་ང་འཁྱར་བྲན་འཚོལ་མཛོད༎