༡༡༨
ཡཱ་ཝཱེ་བཟང་བས་ཁོང་ལ་གཏང་རག་ཕུལ། ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པར་བྱེད།
 ཨིས་ར་ཨེལ་གྱིས་ད་ལྟ་འདི་ལྟར་ཞུས། ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པར་བྱེད།
 ཨ་རོན་བརྒྱུད་པས་ད་ལྟར་འདི་ལྟར་ཞུས། ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པར་བྱེད།
 ཡཱ་ཝཱེར་འཇིགས་པའི་མིས་ད་འདི་ལྟར་ཞུས། ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པར་བྱེད།
 སྡུག་བསྔལ་ནང་ནས་ཡཱ་ཝཱེར་འོ་དོད་བོས། ཡཱ་ཝཱེས་བཀའ་ལན་གནང་ནས་སེམས་ཆེ་སྩལ།
 ཡཱ་ཝཱེ་ངའི་ཕྱོགས་ཡོད་པས་ང་མི་འཇིགས། མི་ཡིས་ང་ལ་ཅི་ཞིག་བྱེད་ཐུབ་བམ།
 ངའི་སྟོངས་གྲོགས་ཁྲོད་ཡཱ་ཝཱེ་ངའི་ཕྱོགས་ཡོད། པས་ངས་དགྲར་ལྡང་རྣམས་ལ་ལྟད་མོ་བལྟ།
 མིར་རྟེན་པ་བས་ཡཱ་ཝཱེར་གདེང་བ་དྲག
 སྐུ་དྲག་རྣམས་ལ་གཏད་སོ་བྱེད་པ་བས། ཡ་ཧོ་ཝཱ་ལ་བློ་གདེང་བྱེད་པ་དྲག
༡༠ མི་བརྒྱུད་ཚང་མས་ང་ལ་མཐའ་བསྐོར་བཏང་། ཡཱ་ཝཱེའི་མཚན་ནང་དེ་རྣམས་ངས་གཏུབ་འོང་།
༡༡ དེ་ཚོས་ང་བསྐོར་འོ་ན་ངའི་མཐའ་བསྐོར། ཡཱ་ཝཱེའི་མཚན་ནང་དེ་རྣམས་ངས་གཏུབ་འོང་།
༡༢ སྦྲང་མ་ལྟར་དུ་དེ་རྣམས་ང་ལ་རུབ། དེ་རྣམས་ཚེར་མའི་མེ་ལྟར་འཆི་བར་འགྱུར། ཡཱ་ཝཱེའི་མཚན་ནང་དེ་རྣམས་ངས་གཏུབ་འོང་།
༡༣ ཁྱོད་ཀྱིས་ང་ནི་འགྱེལ་ཕྱིར་ཤེད་ཀྱིས་ཕུལ། འོན་ཀྱང་ཡཱ་ཝཱེས་ང་ལ་སྐྱབས་མཛད་བྱུང་།
༡༤ ཡཱ་ཝཱེ་ང་ཡི་སྟོབས་དང་གླུ་དབྱངས་ཡིན། ཁོང་ནི་བདག་གི་སྐྱབས་ལ་གྱུར་པ་ཡིན།
༡༥ ཆོས་དྲང་སྐྱེས་བུ་རྣམས་ཀྱི་གུར་རྣམས་ནང་། དགའ་མགུ་དང་ནི་ཐར་པའི་གླུ་དབྱངས་ཀྱིས། ཡཱ་ཝཱེའི་ཕྱག་གཡས་དཔའ་རྩལ་བསྟན་བྱུང་ངོ་༎
༡༦ ཡཱ་ཝཱེའི་ཕྱག་གཡས་མཐོ་བར་གྱུར་པ་ཡིན། ཡཱ་ཝཱེའི་ཕྱག་གཡས་དཔའ་རྩལ་བསྟན་བྱུང་ངོ་༎
༡༧ ང་ནི་མི་འཆིའི་གསོན་པོར་ལུས་འགྱུར་ཏེ། ཡཱ་ཝཱེའི་ཕྲིན་ལས་རྣམས་ངས་འཆད་པར་བྱ།
༡༨ ཡཱ་ཝཱེས་བདག་ནི་དྲག་པོར་བཅུན་མཛད་ཀྱང་། འཆི་བའི་དབང་དུ་ང་ནི་མ་བཏད་དོ༎
༡༩ ངའི་ཕྱིར་དྲང་བ་ཉིད་ཀྱི་སྒོ་རྣམས་ཕྱེས། ང་ནི་འཛུལ་ཞིང་ཡཱ་ཝཱེར་གཏང་རག་བྱ།
༢༠ འདི་ནི་ཡ་ཧོ་ཝཱ་ཡི་གསང་སྒོ་ཡིན། ཆོས་དྲང་མི་རྣམས་དེའི་ནང་འཇུག་པར་འགྱུར།
༢༡ བཀའ་ལན་གནང་ཞིང་ངའི་སྐྱབས་སུ་གྱུར་པས། ང་ཡིས་ཁྱེད་ལ་གཏང་རག་འབུལ་བར་བྱ།
༢༢ རྩིག་པོས་དབྱུགས་པའི་རྡོ་དེ་ཟུར་རྡོར་གྱུར།
༢༣ འདི་ནི་ཡ་ཧོ་ཝཱ་ཡི་མཛད་པ་ཡིན། ངེད་ཀྱི་མཐོང་སྣང་དེ་ནི་ངོ་མཚར་ཆེ།
༢༤ འདི་ནི་ཡཱ་ཝཱེས་བཙུགས་པའི་ཉིན་མོ་སྟེ། ཉིན་འདིར་ངེད་རྣམས་དགའ་ཞིང་སྐྱིད་པར་བྱེད།
༢༥ ད་ངེད་སྐྱོབ་ཕྱིར་གསོལ་ལོ་ཀྱེ་ཡཱ་ཝཱེ། ངེད་རྣམས་དར་རྒྱས་མཛོད་ཅིག་ཀྱེ་ཡཱ་ཝཱེ།
༢༦ ཡཱ་ཝཱེའི་མཚན་ནང་འབྱོན་མཁན་བཀྲ་ཤིས་ཤོག ཡཱ་ཝཱེའི་ཕོ་བྲང་ལས་ནི་ངེད་རྣམས་ཀྱིས། ཁྱེད་རྣམས་ཀྱི་ཕྱིར་བྱིན་རླབས་ཞུས་པ་ཡིན།
༢༧ ངེད་ལ་འོད་གནང་ཡཱ་ཝཱེ་དཀོན་མཆོག་ཡིན། ཐག་པས་མཆོད་པ་མཆོད་ཁྲིའི་རུ་བར་ཐོག
༢༨ ཁྱེད་ངའི་དཀོན་མཆོག་ཡིན་པས་གཏང་རག་བྱ། ཁྱེད་ངའི་དཀོན་མཆོག་ཡིན་པས་བསྟོད་པར་བྱ།
༢༩ ཡཱ་ཝཱེ་བཟང་བས་ཁོང་ལ་གཏང་རག་ཕུལ། ཁོང་གི་ཐུགས་རྗེ་དུས་རྒྱུན་གནས་པར་བྱེད༎