དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༡༠༩
ཀྱེ་ངའི་བསྟོད་པའི་དཀོན་མཆོག་ཞལ་མ་རོག དེ་ནི་ཅི་ཡི་ཕྱིར་དུ་ཞུ་བ་ན།༢ སྡིག་སྤྱོད་མི་དང་མགོ་བསྐོར་ཅན་རྣམས་ཀྱིས། ང་ལ་འཛིང་ཕྱིར་ཁ་ནི་གདངས་ནས་འདུག རྫུན་གྱི་ལྕེ་དང་ང་ལ་གཏམ་ལབ་བྱུང་།
༣ དེ་ཚོའི་འཁོན་སེམས་ཚིག་གིས་ངའི་མཐའ་བསྐོར། རྒྱུ་མཚན་མེད་པར་ང་ལ་རྒོལ་བར་བྱས།
༤ ངའི་བྱམས་སེམས་ཕྱིར་དེ་རྣམས་ངའི་དགྲར་འགྱུར། འོན་ཀྱང་ངས་ནི་སྨོན་ལམ་འདེབས་པར་བྱེད།
༥ དེ་ཚོས་བཟང་བའི་ལན་དུ་ངན་པ་བསྟེར། བདག་གི་བྱམས་པའི་ལན་དུ་ཞེ་སྡང་སྐྱེད།
༦ དེ་ཡི་འགོ་བྱེད་སྡིག་སྤྱོད་མི་ཞིག་དང་། དགྲ་བོ་ཞིག་ནི་དེའི་གཡས་སློང་བར་མཛོད།
༧ ཁོའི་ཁྲིམས་གཅོད་དུས་ཉེས་ཅན་འགྱུར་བར་ཤོག ཡང་ཁོའི་སྨོན་ལམ་སྡིག་པར་འགྱུར་བར་ཤོག
༨ ཁོ་ཡི་མི་ཚེ་ཐུང་ཐུང་འགྱུར་བར་ཤོག ཁོ་ཡི་ལས་ཚན་གཞན་གྱིས་ལེན་པར་ཤོག
༩ ཁོ་ཡི་བུ་རྣམས་དྭ་ཕྲུག་འགྱུར་བར་ཤོག ཆུང་མ་ཡུག་ས་མོ་རུ་འགྱུར་བར་ཤོག
༡༠ བུ་རྣམས་འཁོར་ཞིང་སློང་མོ་སློང་བར་ཤོག ཁང་གོག་བྲལ་ཏེ་ཟ་རྒྱུ་འཚོལ་བར་ཤོག
༡༡ ཅི་ཡོད་ཚང་མ་བུན་བདག་གིས་འཛིན་ཤོག ཁོ་ཡིས་འབད་པ་རྒྱལ་ཁམས་པས་འཕྲོག་ཤོག
༡༢ སྙིང་རྗེ་བྱེད་མཁན་དེ་ལ་མེད་པར་ཤོག དེ་ཚོར་སྙིང་རྗེ་བྱེད་མཁན་མ་བྱུང་ཞིག
༡༣ མི་བརྒྱུད་ཆད་དེ་མི་ཐོག་གཉིས་པའི་ནང་། དེ་རྣམས་མིང་ནི་མེད་པར་བྱེད་པར་ཤོག
༡༤ ཁོ་ཡི་ཕ་མེས་ཉེས་པ་ཡཱ་ཝཱེས་དྲོན། ཁོ་ཡི་ཨ་མའི་སྡིག་པ་མི་སེལ་ཤོག
༡༥ ས་ལས་དེ་ཚོའི་ལག་རྗེས་ཚར་གཅོད་ཕྱིར། དེ་རྣམས་རྟག་ཏུ་ཡཱ་ཝཱེའི་དྲུང་ལུས་ཤོག
༡༦ ཅི་ལ་ཞུ་ན་ཁོ་ཡིས་སྙིང་རྗེ་བ། བརྗེད་ནས་དབུལ་ཕོངས་ནོར་མེད་མི་རྣམས་དང་། སྙིང་ཆག་པ་རྣམས་གསོད་ཕྱིར་དེ་ཚོར་བཙེས།
༡༧ སྨོན་ལོག་འདེབས་པར་དགའ་བས་རང་ཐོག་བབས། སྨོན་པར་མི་དགའ་དེ་དང་རྒྱང་རིང་ངོ་༎
༡༨ ལུས་གོས་བཞིན་དུ་སྨོན་ལོག་ཁོས་གྱོན་པས། ཁོ་ཡི་ཁོག་ནང་དེ་ནི་ཆུ་ལྟར་དང་། རུས་པའི་ནང་དུ་འབྲུ་མར་བཞིན་དུ་ཞེན།
༡༩ དེ་ཡི་ལུས་གོས་བཞིན་དང་རྒྱུན་འཆིང་བའི། སྐ་རགས་ལྟར་དེ་ཁོ་ལ་འགྱུར་བར་ཤོག
༢༠ འདི་ནི་ང་ཡི་སེམས་ལ་ངན་ཟེར་བའི། ངའི་དགྲར་ཡཱ་ཝཱེས་གནང་བའི་ལན་དེ་ཡིན།
༢༡ འོན་ཀྱེ་གཙོ་བོ་ཡཱ་ཝཱེ་ཁྱེད་མཚན་ཕྱིར། ང་ལ་སྐྱབས་མཛོད་ཁྱེད་ཀྱི་ཐུགས་རྗེ་ནི། བཟང་བས་ང་ནི་སྒྲོལ་བར་མཛད་དུ་གསོལ།
༢༢ ཅི་ལ་ཞུ་ན་ང་ནི་དབུལ་ཞིང་འཕོངས། ཁོག་ནང་བདག་གི་སྙིང་ནི་རྨས་ནས་ཡོད།
༢༣ གྲིབ་མ་ཡོལ་བ་ལྟ་བུར་ང་འགྲོ་སྟེ། ཆ་ག་འབུ་ལྟར་ང་ནི་གྱེན་ཐུར་འཕར།
༢༤ ལྟོགས་པས་བདག་གི་པུས་མོ་ཤེད་མེད་སོང་། ཚིལ་མེད་སྟབས་ཀྱིས་བདག་གི་ཤ་སྐམས་སོང་།
༢༥ དེ་ཚོས་འཕྱ་བའི་གནས་སུ་ང་གྱུར་ཏེ། དེ་ཚོས་ང་ནི་མཐོང་དུས་མགོ་གཡུག་གོ།
༢༦ ཀྱེ་ངའི་དཀོན་མཆོག་ཡཱ་ཝཱེ་སྐྱབས་མཛོད་ཅིག ཁྱེད་ཀྱི་ཐུགས་རྗེ་བཞིན་དུ་སྐྱོབ་དེ་ནས།
༢༧ འདི་ནི་ཁྱེད་ཀྱི་ཕྱག་ཡིན་ཁྱེད་ཡཱ་ཝཱེའི། མཛད་པ་དེ་ཚོས་ཤེས་འོང་དེ་རྣམས་ཀྱིས།
༢༨ སྨོན་ལོག་འདེབས་ཀྱང་ཁྱེད་ཀྱིས་བྱིན་རླབས་གནོང་། དེ་དག་ལང་དུས་ངོ་ནི་ཚ་འགྱུར་ཡང་། ཁྱེད་ཀྱི་བྲན་པོ་དགའ་མགུ་རང་བར་འགྱུར།
༢༩ ང་ཡི་དགྲ་རྣམས་སྨད་སྒྲ་གྱོན་པར་ཤོག གཟན་ལྟར་རང་གི་ངོ་ཚས་གཡོག་པར་ཤོག
༣༠ ངའི་ཁས་ཡཱ་ཝཱེར་གཏང་རག་ཆེན་པོ་བྱ། དེའི་སྟེང་མི་ཚོགས་དཀྱིལ་དུ་ཁོང་བསྟོད་འོང་།
༣༡ དེ་ཚོས་འུ་ཐུག་སེམས་ལ་ཁྲིམས་གཅོད་སྐབས། མི་དེ་སྐྱོབ་ཕྱིར་ཁོང་དེའི་གཡས་བཞེང་འོང་༎