༩༦
ཡཱ་ཝཱེར་གསར་པའི་མགུར་གླུ་ཞིག་ཕུལ་ཞིག ས་གཞི་པ་ཀུན་ཡཱ་ཝཱེར་དབྱངས་ལེན་ཞིག༢ ཡཱ་ཝཱེར་དབྱངས་ཕུལ་ཁོང་མཚན་བཀྲ་ཤིས་ཟེར། གཞག་རེ་བཞིན་དུ་ཁོང་གི་ཐར་ལམ་ཤོད།
༣ མི་བརྒྱུད་རྣམས་ནང་ཁོང་གི་དཔལ་བརྗིད་དང་། མི་སྡེ་ཀུན་ནང་ཧ་ལས་མཛད་པ་ཤོད།
༤ ཡཱ་ཝཱེ་ཆེ་ཞིང་རབ་ཏུ་མཆོད་འོས་ལགས། ཁོང་ལ་ལྷ་ཀུན་པས་བག་བྱེད་པར་རིགས།
༥ མི་སྡེ་རྣམས་ཀྱི་ལྷ་རྣམས་འདྲ་སྐུ་སྟེ། འོན་ཀྱང་ཡཱ་ཝཱེས་ནམ་མཁའ་རྣམས་བཀོད་དོ༎
༦ བཀུར་སྟི་དང་ནི་གཟི་བརྗིད་ཁོང་དྲུང་གདའ། མཐུ་དང་ཟིལ་ནི་ཁོང་གི་གཙང་ཁང་ནང་།
༧ མི་སྡེའི་ཕ་ཚན་རྣམས་ཀྱེ་ཡཱ་ཝཱེར་ཕུལ། ཡ་ཧོ་ཝཱ་ལ་ཟིལ་དང་མཐུ་སྟོབས་ཕུལ།
༨ ཡཱ་ཝཱེའི་མཚན་དང་མཚུངས་པའི་བསྟོད་སྒྲ་ཕུལ། མཆོད་པ་འཁུར་ཞིང་ཁོང་གི་ཁྱམས་སུ་ཤོག
༩ གཟབ་གོས་དམ་པ་གྱོན་ཞིང་ཡཱ་ཝཱེར་འདུད། ཁོང་དྲུང་འདར་བར་བྱོས་ཤིག་ས་ཆེན་ཀུན།
༡༠ མི་བརྒྱུད་རྣམས་ཁྲོད་ཡཱ་ཝཱེས་སྲིད་སྐྱོང་སྨྲོས། ས་གཞིའང་གཡོ་བ་མེད་པར་བརྟན་པར་གནས། མི་བརྒྱུད་རྣམས་ཀྱི་ཁྲིམས་དྲང་གཅོད་པར་འགྱུར།
༡༡ གནམ་རྣམས་དགའ་ཞིང་ས་ཆེན་ཡི་རངས་ཤོག རྒྱ་མཚོ་དང་དེར་ཡོད་ཚད་ང་རོ་ཐོང་།
༡༢ ཐང་དང་དེ་ན་ཡོད་ཚད་སྐྱིད་པར་ཤོག ནགས་ཀྱི་སྐྱེ་ཤིང་ཐམས་ཅད་དགའ་མགུ་ཞིང་།
༡༣ ཡ་ཧོ་ཝཱའི་དྲུང་དུ་གླུ་ལེན་པར་འགྱུར། ས་ཆེན་པོ་ཡི་ཁྲིམས་གཅོད་དུ་ཁོང་འཕེབ། ཁོང་གིས་དྲང་པོར་འཇིག་རྟེན་དང་ཉིད་ཀྱི། བདེན་པ་ཉིད་ནང་མི་སྡེའི་གཤགས་མཛད་འོང་༎