༩༧
ཡཱ་ཝཱེས་རྒྱལ་སྲིད་སྐྱོང་བས་ས་ཆེན་སྐྱིད་པོ་བྱོས། གླིང་ཕྲན་རྣམས་ཀྱི་ཚོགས་ཀྱིས་དགའ་མོ་བྱེད་པར་ཤོག
 ཁོང་གི་མཐའ་འཁོར་སྤྲིན་དང་སྨག་རུམ་གྱིས་སྐོར་རོ། དྲང་བ་ཉིད་དང་གཤགས་དྲང་རྒྱལ་ཁྲིའི་གདན་གཞི་ཡིན།
 ཁོང་གི་སྔོན་སྔོན་མེ་ཞིག་འགྲོ་སྟེ་ཕྱོགས་བཞི་རུ། ཁོང་གི་དགྲ་བོ་རྣམས་ནི་མེ་ཡིས་སྲེག་པར་བྱེད།
 ཁོང་གི་གློག་གིས་འཇིག་རྟེན་ལ་འོད་སྣང་བར་བྱེད། ས་ཆེན་པོ་ཡིས་དེ་མཐོང་ནས་འདར་བར་གྱུར་ཏོ༎
 ས་གཞི་ཧྲིལ་པོའི་ཡཱ་ཝཱེ་ལགས་པའི་སྤྱན་སྔ་རུ། ཡཱ་ཝཱེའི་ཞལ་ངོར་རི་རྣམས་སྤྲ་ཚིལ་ལྟར་དུ་བཞུས།
 ནམ་མཁའ་རྣམས་ཀྱིས་ཁོང་གི་དྲང་བ་ཉིད་སྒྲོག་པས། མི་སྡེ་ཀུན་གྱིས་ཁོང་གི་གཟི་བྱིན་མཐོང་གྱུར་ཏོ༎
 སྐུ་འདྲ་ངོམ་ཞིང་བརྐོས་སྐུར་བརྟེན་མཁན་ཀུན་སྐྱེངས་ཤོག ཁྱོད་ལྷ་ཐམས་ཅད་ཁོང་ལ་ཕྱག་འཚལ་བར་གྱིས་ཤིག
 ཁྱེད་ཀྱི་གཤགས་སྐོར་ཙི་ཨོན་གྱིས་ཐོས་སེམས་རབ་འཐད། ཡ་ཧུ་དཱའི་བུ་མོ་རྣམས་དགའ་བྱུང་ཀྱེ་ཡཱ་ཝཱེ།
 ས་གཞི་ཀུན་གྱི་གོང་ཁྱེད་ཡཱ་ཝཱེ་རབ་ཏུ་འཕགས། ལྷ་ཐམས་ཅད་ལས་ཁྱེད་ནི་ཤིན་ཏུ་མཐོ་བ་ལགས།
༡༠ ཡཱ་ཝཱེར་ཆགས་མཁན་ཁྱེད་རྣམས་ངན་པར་སྡང་ཞིག་ཀྱེ། ཁོང་གིས་ཉིད་ཀྱི་དམ་པ་རྣམས་ཀྱི་སེམས་སྲུང་ངོ་། དེ་རྣམས་ཁོང་གིས་སྡིག་སྤྱོད་རྣམས་ཀྱི་ལག་ནས་སྐྱོབ།
༡༡ ཆོས་དྲང་རྣམས་ཀྱི་དོན་དུ་འོད་ཀྱི་ས་བོན་བཏབ། སྙིང་དྲང་རྣམས་ཀྱི་ཕྱིར་དུ་དགའ་སྤྲོའི་ས་བོན་བཏབ།
༡༢ ཀྱེ་ཆོས་དྲང་རྣམས་ཡཱ་ཝཱེའི་ནང་དུ་ཡི་རངས་ཤོག ཁོང་གི་དམ་པའི་མཚན་ལ་གཏང་རག་འབུལ་བར་མཛོད༎