དབུ་མཛད་ལ་ཀོ་རཱའི་བུ་རྣམས་ཀྱི་གསུང་མགུར་ཞིག་ནི།
༨༥
ཡཱ་ཝཱེས་ཉིད་ཀྱི་ཡུལ་ལ་བཀའ་དྲིན་མཛད། ཡ་ཀོབ་བཙོན་ལས་ཁྱེད་ཀྱིས་ཕྱིར་ལོག་དྲངས།༢ ཁྱེད་ཀྱི་མི་སྡེའི་ཉེས་པ་བཤགས་པར་མཛད། དེ་ཚོའི་སྡིག་པ་ཐམས་ཅད་བཀབ་པར་མཛད། [སེ་ལཱ།]
༣ ཁྱེད་ཀྱི་ཐུགས་ཁྲོ་ཐམས་ཅད་འཐེན་པར་བྱས། ཐུགས་ཁྲོ་དྲག་པོ་མཛད་པ་ལས་ཁྱེད་བསྒྱུར།
༤ ཀྱེ་སྐྱབས་ཀྱི་དཀོན་མཆོག་ངེད་སྔར་བཞིན་མཛོད། ངེད་ལས་ཁྱེད་ཀྱི་ཐུགས་ཁྲོ་མེད་པར་མཛོད།
༥ དུས་རྒྱུན་ངེད་ཅག་ལ་ནི་ཐུགས་འཁྲོའམ། མི་རབས་ཀུན་ལ་ཐུགས་ཁྲོ་བསྲིང་འོང་ངམ།
༦ ཁྱེད་ཀྱི་མི་སྡེ་ཁྱེད་ནང་སྐྱིད་པའི་ཕྱིར། སླར་ཡང་ངེད་རྣམས་གསོན་པོར་མི་མཛད་དམ།
༧ ཁྱེད་ཀྱི་ཐུགས་རྗེ་སྟོན་མཛོད་ཀྱེ་ཡཱ་ཝཱེ། ཁྱེད་ཀྱི་ཐར་པ་ངེད་རྣམས་ལ་གནང་མཛོད།
༨ ཉིད་ཀྱི་དམ་པ་རྣམས་དང་མི་སྡེ་ལ། ཞི་བདེའི་གསུང་གླེང་ཡཱ་ཝཱེ་དཀོན་མཆོག་གིས། མཛད་པར་འགྱུར་པས་ཅི་གསུང་ངས་ཉན་ཡིན། འོན་སླར་དེ་རྣམས་གླེན་ཕྱོགས་ཟློག་མ་མཛད།
༩ ཡུལ་དུ་དཔལ་བརྗིད་གནས་པའི་ཕྱིར་ཁོང་ལ། འཇིགས་མཁན་རྣམས་དང་ཁོང་སྐྱབས་ངེས་པར་ཉེ།
༡༠ སྙིང་རྗེ་དང་ནི་བདེན་ཕྲད་ཞི་བདེ་དང་། དྲང་བ་ཉིད་ནི་གཅིག་ལ་གཅིག་ཞལ་སྦྱོར།
༡༡ ས་ལས་བདེན་པ་ཉིད་རྡོལ་ཞིང་གནམ་ནས། དྲང་བ་ཉིད་ཀྱིས་མར་ལ་བལྟ་བར་བྱེད།
༡༢ འོ་ན་ཡཱ་ཝཱེས་གང་བཟང་བ་གནང་ཞིང་། ངེད་ཀྱི་ཡུལ་གྱིས་ལོ་ཐོག་སྐྱེད་པར་འགྱུར།
༡༣ ཁོང་གི་སྔོན་སྔོན་དྲང་བ་ཉིད་འགྲོ་ཞིང་། ཞབས་རྗེས་རྣམས་ཀྱིས་འགྲོ་ལམ་མཛད་པར་འགྱུར༎