དབུ་མཛད་ལ་གད་པའི་དབྱངས་ནང་ཨ་སབ་ཀྱི་གསུང་མགུར་ཞིག་ནི།
༨༡
ངེད་ཀྱི་སྟོབས་ཤུགས་ལགས་པའི་དཀོན་མཆོག་དྲུང་། གསུང་སྐད་ཆེན་པོས་གླུ་ཕུལ་ཡ་ཀོབ་ཀྱི། དཀོན་མཆོག་དྲུང་དུ་དགའ་མགུའི་འུར་སྒྲ་ཐོང་།༢ མགུར་གླུ་ལེན་ཞིག་རྔ་དང་སྐད་སྙན་པའི། སྒྲ་སྙན་དང་བཅས་པི་ཝང་ཚུར་ཁྱེར་ཤོག
༣ ཉ་ཚེས་ཉ་གང་ཞག་དང་ངེད་ཅག་གི། དུས་ཆེན་དུས་སུ་རྒྱ་དུང་འབུད་པར་བྱོས།
༤ ཨིས་ར་ཨེལ་ཕྱིར་འདི་ནི་བྱ་ཡིག་དང་། ཡ་ཀོབ་ཀྱི་དཀོན་མཆོག་གི་བཀའ་ཁྲིམས་ཡིན།
༥ ཁོང་མི་སེར་ལ་རྒོལ་དུ་གཤེགས་པའི་དུས། ཡོ་སེབ་ནང་དེ་དཔང་པོར་བཙུགས་པ་ཡིན། དེར་ངས་མི་ཤེས་པའི་སྐད་ཅིག་ཐོས་བྱུང་།
༦ དེ་ཡི་གཉའ་བ་ལས་ངས་ཁུར་པོ་ཕབ། ཁོའི་ལག་པ་ལས་ཙེལ་པོ་ཕྲལ་བ་ཡིན།
༧ ཁྱོད་སྡུག་ལྷུང་ནས་འབོད་པས་ངས་ཁྱོད་བསྐྱབས། འབྲུག་གི་ཕག་ནས་ཁྱོད་ལ་ངས་ལན་བཏབ། མེ་རི་བཱའི་ཆུའི་འགྲམ་ཁྱོད་ལ་ངས་ཚོད་ལྟས། [སེ་ལཱ།]
༨ ཀྱེ་ངའི་མི་སྡེ་ངས་དཔང་མཛད་པ་ཉོན། ཨིས་རེལ་ང་ལ་ཉན་ན་ཅི་མ་རུང་།
༩ ཁྱོད་ཁྲོད་ལྷ་གཞན་གང་ཡང་ཡོད་མི་རུང་། ཕྱི་པའི་ལྷ་རྣམས་གང་ལའང་ཕྱག་འཚལ་བྱེད་མི་རུང་།
༡༠ མི་སེར་ཡུལ་ནས་བཏོན་ཏེ་ཡར་དྲངས་པའི། ཁྱོད་ཀྱི་དཀོན་མཆོག་ཡཱ་ཝཱེ་ང་ཉིད་ཡིན། ཁ་མང་ཕྱེས་ཤིག་ངས་ཁྱོད་འགེངས་པར་བྱ།
༡༡ འོན་ངའི་མི་སྡེས་ངའི་གསུང་སྐད་མ་ཉན། ཨིས་ར་ཨེལ་ངར་སེམས་ནི་མ་བསོད་པས།
༡༢ དེ་རྣམས་རང་གི་གྲོས་བཞིན་འགྲུལ་བའི་ཕྱིར། དེ་ཚོའི་སྙིང་གྱོང་བཞིན་དུ་ངས་འགྲོར་བཅུག
༡༣ ངའི་འབངས་ང་ལ་ཉན་ཞིང་ཨིས་ར་ཨེལ། ངའི་ལམ་རྣམས་ནང་འགྲུལ་ན་ཅི་མ་རུང་།
༡༤ དེ་ནས་དགྲ་རྣམས་མྱུར་དུ་ངས་བཏུལ་ཏེ། དེ་ཚོར་སྡང་མཁན་ལ་ངས་ཕྱག་འདེགས་བྱ།
༡༥ ཡཱ་ཝཱེར་སྡང་མཁན་དེའི་གཡོག་བྱེད་ན་ཡང་། དེ་ཚོའི་དུས་ནི་རྟག་ཏུ་གནས་པར་འགྱུར།
༡༦ ཁོང་གིས་དེ་ཚོར་གྲོའི་ཕུད་སྟེར་མཛད་ཅིང་། བྲག་ནས་ཐོན་པའི་སྦྲང་རྩིས་ངས་འགྲང་གཞུག།