གསུང་མགུར་གྱི་མདོ་གསུམ་པ།
ཨ་སབ་ཀྱི་གསུང་མགུར་ཞིག་ནི།
༧༣
ཨིས་ར་ཨེལ་ལམ་སྙིང་གཙང་མ་རྣམས་ལ། གདོན་མི་ཟ་བར་དཀོན་མཆོག་བཟང་པོ་ལགས།
 འོན་ངའི་རྐང་པ་འབྱིད་པར་ཉེ་གྱུར་ཏེ། གོམ་སྟབས་འདྲེད་དུ་ཉེ་བར་གྱུར་པ་ཡིན།
 དེའི་རྒྱུ་སྡིག་སྤྱོད་དར་ལུགས་ངས་མཐོང་ཆེ། རང་མཐོང་ཅན་རྣམས་ལ་ངོ་ཚ་ལངས་བྱུང་།
 ཅི་ལ་དེ་ཚོར་འཆི་བའི་སྲོག་གཟེར་མེད། འོན་ཀྱང་དེ་ཚོའི་ལུས་སྟོབས་བརྟན་པར་གནས།
 དེ་ཚོར་གཞན་མི་ལྟར་དུ་སྡུག་མི་འབྱུང་། གཞན་ལྟར་དེ་ཚོར་རྐྱེན་ངན་ཡང་མི་འབྱུང་།
 དེའི་ཕྱིར་ང་རྒྱལ་དེ་ཚོའི་མགུལ་རྒྱན་ཡིན། གོས་ལྟར་དེ་ཚོས་དབང་ཤུགས་གོན་པར་བྱེད།
 ཚིལ་གྱིས་དེ་ཚོའི་མིག་ནི་འབུར་དུ་འཐོན། དེ་ཚོར་སྙིང་གི་འདོད་པ་བས་ཀྱང་མང་།
 འཕྱ་ཞིང་ངན་རྒྱུས་མགོ་ནོན་གཏམ་རྣམས་ཟེར། ཁ་ཕོ་ཆེ་བའི་གཏམ་ནི་ལབ་པར་བྱེད།
 དེ་ཚོའི་ཁ་ནི་ནམ་མཁའ་རྣམས་ན་འདུག དེ་ཚོའི་ལྕེ་རྣམས་ས་གཞིར་འཁོར་བར་བྱེད།
༡༠ དེ་ཕྱིར་ཁོ་ཡི་མི་རྣམས་ཚུར་ལོག་ཅིང་། དེ་ཚོས་ངོམ་ངོམ་ཆུ་ནི་འཐུང་བར་བྱེད།
༡༡ དེ་ཚོས་དཀོན་མཆོག་གིས་ནི་ཇི་ལྟར་མཁྱེན། བླ་ན་མེད་པར་ཤེས་རབ་ཡོད་དམ་ཟེར།
༡༢ སྡིག་སྤྱོད་འདི་ཚོར་ལྟོས་ཤིག་དེ་རྣམས་ནི། རྟག་ཏུ་བདེ་བར་གནས་ཤིང་ནོར་སྤེལ་ལོ༎
༡༣ ངས་སྙིང་དྲི་མེད་བྱས་ཏེ་གཙང་མའི་ནང་། ལག་པ་ཁྲུས་པ་དོན་མེད་ཡིན་པར་ངེས།
༡༤ ཅི་ལ་ང་ལ་ཉིན་གང་རྐྱེན་ངན་འབྱུང་། ཡང་ང་སྔ་དྲོ་རེ་རེར་འཇུན་པར་བྱེད།
༡༥ འདི་འདྲ་སྨྲ་འོང་ཅེས་ནི་ངས་ཟེར་ན། ཁྱེད་ཀྱི་བུ་རྣམས་བརྒྱུད་པར་ལོག་པར་བྱེད།
༡༦ དཀོན་མཆོག་གཙང་ཁང་ནང་དུ་ང་སོང་སྟེ། དེ་ཚོའི་མཐའ་མར་བསམ་བློ་བཏང་བའི་བར།
༡༧ ཇི་ལྟར་རྟོགས་ཕྱིར་བསམ་བློ་སྐོར་བའི་དུས། དེ་ངའི་མཐོང་ངོར་ཤིན་ཏུ་དཀའ་བ་བྱུང་།
༡༨ ཁྱེད་ཀྱིས་དེ་རྣམས་འདྲེད་སར་བཞག་པ་བདེན། སྟོངས་ཕྱིར་དེ་དག་ཐུར་དུ་དབྱུག་པར་མཛད།
༡༩ སྐད་ཅིག་ནང་ན་དེ་རྣམས་ཇི་ལྟར་སྟོངས། འཇིགས་པས་དེ་དག་ཡོངས་སུ་མེད་པར་སོང་།
༢༠ གཉིད་སད་རྨི་ལམ་ལྟ་བུར་ཀྱེ་གཙོ་བོ། མནལ་སད་དེ་ཚོའི་གཟུགས་ལ་རྩིས་མེད་བྱ།
༢༡ ཅི་ལ་ཞུ་ན་ང་ལ་སྙིང་ཚེར་བྱུང་། བདག་གི་མཁལ་མ་གཉིས་པོ་འབིགས་པར་བྱས།
༢༢ རྨོངས་ཤིང་གླེན་པ་ང་ཡིན་ཁྱེད་དྲུང་དུ། བྱོལ་སོང་འདྲ་བ་ང་ནི་ཡོད་པ་ཡིན།
༢༣ ད་རུང་ང་ནི་ཆད་མེད་ཁྱེད་དང་འགྲོགས། ཁྱེད་ཀྱིས་ང་ཡི་ལག་པ་གཡས་ནས་བཟུང་།
༢༤ ཁྱེད་ཀྱི་བྱུས་ཀྱིས་ངའི་ལམ་སྣ་མཛད་ཅིང་། ཕྱིས་སུ་དཔལ་ནང་བདག་ནི་བསྣམ་པར་འགྱུར།
༢༥ ནམ་མཁར་ཁྱེད་མིན་ང་ལ་གཞན་སུ་ཡོད། ས་གཞིར་ཁྱེད་མིན་ཅི་ཡང་ངས་མི་འདོད།
༢༦ ང་ཡི་ལུས་སྙིང་རྒུད་རུང་དཀོན་མཆོག་ནི། ང་ཡི་སྙིང་སྟོབས་གཏན་གྱི་སྐལ་བ་ཡིན།
༢༧ གཟིགས་ཤིག་ཁྱེད་དང་རིང་རྣམས་མེད་པར་འགྱུར། ཁྱེད་ལ་ཁྲེལ་མེད་བྱེད་ཅིང་འཁོར་བའི་མི། དེ་དག་ཐམས་ཅད་ཁྱེད་ཀྱིས་མེད་པར་བྱས།
༢༨ འོན་དཀོན་མཆོག་དང་བཅར་བ་ངའི་ཕྱིར་ལེགས། ཁྱེད་ཀྱི་མཛད་པ་ཐམས་ཅད་བཤད་པའི་ཕྱིར། གཙོ་བོ་དཀོན་མཆོག་སྐྱབས་གནས་ངས་བྱས་ཡོད༎