༧༡
ཡཱ་ཝཱེ་ཁྱེད་ལ་བདག་གིས་བློ་གཏོད་པས། ནམ་ཡང་ང་ངོ་ཚ་རུ་འཇུག་མ་མཛད།
 ཁྱེད་ཀྱི་དྲང་བ་ཉིད་ནང་སྐྱོབ་ཅིང་སྒྲོལ། ང་ལ་ཁྱེད་ཀྱི་སྙན་ཐུད་ང་ཐར་ཆུག
 རྟག་ཏུ་འབྲོས་གནས་བྲག་ཏུ་ཁྱེད་གྱུར་ཤོག བདག་གི་བྲག་དང་རྫོང་ནི་ཁྱེད་ལགས་པས། ཁྱེད་ཀྱིས་ང་ནི་སྐྱོབ་པའི་བཀའ་གནང་ཟིན།
 ཀྱེ་ངའི་དཀོན་མཆོག་སྡིག་སྤྱོད་ལག་པ་དང་། དྲང་མིན་མི་དང་གཏུམ་པོའི་ལག་ནས་སྐྱོབ།
 ཁྱེད་ཀྱེ་ཡཱ་ཝཱེ་དཀོན་མཆོག་ངའི་རེ་ས། ཆུང་དུས་ནས་ངས་ཁྱེད་ལ་བློ་གཏད་བྱེད།
 ང་སྐྱེས་པ་ནས་ཁྱེད་ཀྱིས་ཉ་ར་བྱས། ངའི་མའི་མངལ་ལས་ཁྱེད་ཀྱིས་ང་ཕྱུང་བས། ཁྱེད་ལ་བདག་གིས་དུས་རྒྱུན་བསྟོད་པར་བྱ།
 ང་ནི་མང་པོར་ངོ་མཚར་ཅན་ཡིན་ཀྱང་། བདག་གི་སྐྱབས་གནས་བརྟན་པོ་ཁྱེད་ཡིན་ནོ༎
 ངའི་ཁ་ཉིན་གང་ཁྱེད་ལ་བསྟོད་པ་དང་། ཁྱེད་ཀྱི་ཆེ་བ་བརྗོད་པས་གང་བར་འགྱུར།
 རྒས་དུས་མ་སྐྱུར་རྒུད་དུས་ཁྱེད་ཀྱིས་ང་། སྤང་བར་མ་མཛད་དེ་ཅིའི་ཕྱིར་ཞུ་ན།
༡༠ དགྲ་ཡིས་ངའི་སྐོར་གཏམ་བྱེད་ངའི་སྲོག་ལ། འཇབ་མཁན་རྣམས་ཀྱིས་ལྷན་ཅིག་གྲོས་བྱེད་ཅིང་།
༡༡ དཀོན་མཆོག་གིས་ཁོ་སྤངས་ནས་སྐྱོབ་མཁན་སུའང་། མེད་པས་ཁོ་ལ་དེད་ཅིག་ཟུངས་ཤིག་ཟེར།
༡༢ ང་ལས་ཐག་རིང་མ་བཞུགས་ཀྱེ་དཀོན་མཆོག ཀྱེ་ངའི་དཀོན་མཆོག་ང་ཡི་ར་མདར་མགྱོགས།
༡༣ ང་ཡི་སྲོག་ལ་སྡང་རྣམས་ངོ་ཚ་ཞིང་། ཚར་གཅོད་ཤོག་ང་སྣད་པར་དགའ་མཁན་རྣམས། སྨད་སྒྲ་དམའ་འབེབས་ཀྱིས་ནི་གཡོགས་པར་ཤོག
༡༤ འོན་ངས་དུས་རྒྱུན་རེ་བ་བྱེད་འགྱུར་ཅིང་། ཁྱེད་ལ་བསྟོད་པ་མང་དུ་འབུལ་བར་བྱ།
༡༥ ཁྱེད་ཀྱི་དྲང་བ་ཉིད་དང་སྐྱབས་མཛད་པའི། གྲངས་ཀ་བདག་གིས་བརྗོད་པར་མི་ནུས་པས། ངའི་ཁས་ཉིན་གང་དེ་རྣམས་འཆད་པར་བྱ།
༡༦ དཀོན་མཆོག་ཡཱ་ཝཱེའི་མཛད་པ་མཐུ་ལྡན་རྣམས། སྟོན་པར་བྱ་ཞིང་ངའི་ཁས་ཁྱེད་གཅིག་པུའི། དྲང་བ་ཉིད་ཀྱི་སྐོར་དུ་བརྗོད་པར་བྱ།
༡༧ དཀོན་མཆོག་ཁྱེད་ཀྱིས་ང་ལ་ཆུང་ངུ་ནས། བསླབ་པར་མཛད་པས་ང་ཡིས་ད་ལྟའི་བར། ཁྱེད་ཀྱི་མཛད་པ་ཁྱད་མཚར་རྣམས་བཤད་ཡོད།
༡༨ མི་རབས་རྗེས་མར་ཁྱེད་ཀྱི་མཐུ་སྟོབས་དང་། ཕྱིས་འབྱུང་མི་རེར་ཁྱེད་སྟོབས་ངས་སྟོན་ཕྱིར། བདག་ནི་རྒས་ཤིང་མགོ་དཀར་འགྲོ་བའི་དུས། ཁྱེད་ཀྱིས་ང་སྤང་མ་མཛད་ཀྱེ་དཀོན་མཆོག
༡༩ དཀོན་མཆོག་ཁྱེད་ཀྱི་དྲང་བའང་རབ་ཏུ་མཐོ། ཁྱེད་ཀྱིས་བྱ་བ་ཆེ་ཆེ་རྣམས་མཛད་པས། ཁྱེད་དང་འདྲ་བ་སུ་ཡོད་ཀྱེ་དཀོན་མཆོག
༢༠ ངེད་ལ་སྡུག་བསྔལ་ལྕི་བ་མང་པོ་ཞིག ཁྱེད་ཀྱིས་བསྟན་ཡང་སླར་ཡང་གསོན་པོར་མཛད། ས་གཞིའི་དོང་ལས་སླར་ངེད་འདོན་པར་འགྱུར།
༢༡ བདག་གི་ཆེ་བ་ཁྱེད་ཀྱིས་སྤེལ་བར་མཛོད། སླར་ཡང་ངའི་ཕྱོགས་བསྒྱུར་ནས་སེམས་གསོ་གནོང་།
༢༢ ཀྱེ་ངའི་དཀོན་མཆོག་ཁྱེད་དྲུང་སྒྲ་སྙན་བཅས། ཁྱེད་ཀྱི་བདེན་པ་ཉིད་ལ་བསྟོད་པར་བྱ། ཨིས་ར་ཨེལ་གྱི་དམ་པ་ཁྱེད་ལ་ཀྱེ། པི་ཝང་བཅས་ངས་བསྟོད་དབྱངས་འབུལ་བར་བྱ།
༢༣ ཁྱེད་ལ་བསྟོད་དབྱངས་འབུལ་དུས་ངའི་མཆུ་དང་། ཁྱེད་ཀྱིས་བླུས་པའི་ངའི་སེམས་རབ་དགའ་འོང་།
༢༤ ང་ལ་སྣད་ཐབས་འཚོལ་མཁན་རྣམས་སྐྱེངས་ཏེ། ངོ་ནི་ཚ་བས་བདག་གི་ལྕེས་ཉིན་གང་། ཁྱེད་ཀྱི་དྲང་བ་ཉིད་སྐོར་གླེང་བར་འགྱུར༎