དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་གྱི་གླུ་དབྱངས་ཤིག་ནི།
༦༦
ཀྱེ་ས་གཞི་ཀུན་དཀོན་མཆོག་དྲུང་། ཡི་རང་ཀུ་ཅོ་ཐོང་ཞིག་དང་།  ཁོང་གི་མཚན་གྲགས་གླུ་ལེན་ཞིག ཁོང་ལ་བསྟོད་ཅིང་བསྔགས་པར་གྱིས།
 དཀོན་མཆོག་ལ་ཁྱེད་ཀྱི་མཛད་པ། ཇི་ལྟར་འཇིགས་སུ་རུང་བ་འདུག ཁྱེད་ཀྱི་མཐུ་སྟོབས་ཆེ་བའི་རྐྱེན། དགྲ་རྣམས་ཁྱེད་དྲུང་འཁུམ་པར་འགྱུར།
 ས་ཆེན་ཐམས་ཅད་ཁྱེད་ཀྱི་དྲུང་། ཕྱག་འཚལ་བསྟོད་གླུ་འབུལ་འོང་ངོ་༎ [སེ་ལཱ།]
 ཚུར་ཤོག་དཀོན་མཆོག་མཛད་པར་ལྟོས། མི་ཡི་བུ་ཚོར་མཛད་པའི་ནང་། ཁོང་ནི་འཇིགས་སུ་རུང་བ་ལགས།
 ཁོང་གིས་རྒྱ་མཚོ་སྐམ་སར་མཛད། གཙང་པོའི་ཕ་རོལ་རྐང་ཐང་སོང་། ཁོང་ནང་དེར་ངེད་དགའ་མོ་བྱས།
 ཁོང་དབང་གིས་དུས་རྒྱུན་སྲིད་སྐྱོང་། སྤྱན་གྱིས་མི་རིགས་རྣམས་ལ་གཟིགས། ངོ་ལོག་མཁན་རྣམས་མ་འཕར་ཞིག [སེ་ལཱ།]
 མི་སྡེ་ངེད་ཀྱི་དཀོན་མཆོག་ལ། བཀྲ་ཤིས་ཞུས་བསྟོད་སྒྲ་གསན་ཆུག
 ངེད་སྲོག་གསོན་པོར་འཇོག་མཛད་ཅིང་། ངེད་ཀྱི་རྐང་པ་འཁྱོར་མི་འཇུག
༡༠ ཀྱེ་དཀོན་མཆོག་ཁྱེད་ཀྱིས་ངེད་ཀྱི། ཚོད་གཟིགས་ནས་དངུལ་འཇུ་བ་ལྟར། ངེད་ཀྱི་ཉམས་ཚོད་བཞེས་པ་ཡིན།
༡༡ རྙི་ནང་ཁྱེད་ཀྱིས་ངེད་ཁྱེར་བྱུང་། རྐེད་པར་ཁལ་ལྕི་འགེལ་བར་མཛད།
༡༢ མི་རྣམས་ངེད་ཀྱི་མགོར་ཞོན་བཅུག མེ་ཆུའི་ནང་ནས་ངེད་ཆས་ཀྱང་། ལོངས་སྤྱོད་གནས་སུ་ངེད་འདྲེན་མཛད།
༡༣ ཁྱེད་ཀྱི་ཁང་པར་སྦྱིན་སྲེག་བཅས། འོང་ཞིང་དམ་བཅས་རྣམས་ངས་དབུལ།
༡༤ སྡུག་དུས་ངའི་མཆུས་སྨྲས་པ་དང་། བདག་གི་ཁ་ཡིས་ཅི་ཟེར་པའི།
༡༥ ལུག་ཐུག་རྣམས་ཀྱི་དྲི་བསུང་བཅས། དུད་འགྲོ་རྒྱགས་པའི་སྦྱིན་སྲེག་དབུལ། གླང་དང་ར་རྣམས་འབུལ་བར་བྱ།
༡༦ དཀོན་མཆོག་ལ་འཇིགས་མཁན་ཁྱེད་ཀུན། ཚུར་ཤོག་ཉོན་དང་ངའི་སྲོག་ཕྱིར། ཁོང་གིས་ཅི་མཛད་པ་འཆད་འོང་།
༡༧ ངའི་ཁས་ཁོང་ལ་འོ་དོད་བོས། ངའི་ལྕེས་ཁོང་ལ་བསྟོད་སྒྲ་ཕུལ།
༡༨ སྙིང་དུ་ཉེས་པ་ངས་བཞག་ན། ཡཱ་ཝཱེས་ང་ལ་མི་གསན་གྱི།
༡༩ ངོ་ཐོག་དཀོན་མཆོག་གིས་གསན་བྱུང་། ང་ཡི་ཞུ་སྒྲར་སྣང་རྟགས་མཛད།
༢༠ ངའི་སྨོན་ལམ་དང་ཁོང་ཐུགས་རྗེ། ང་ལས་འཕྲལ་བར་མ་མཛད་པའི། དཀོན་མཆོག་ཁོང་ལ་བཀྲ་ཤིས་ཤོག།