དཱ་བིད་གསོད་པ་ལ་ཤ་ཨུལ་གྱིས་མི་བཏང་ནས་དེའི་ཁང་པ་བསྲུངས་ཡོད་པའི་ཚེ། འཕུང་མ་ཆུག་ཅེས་པའི་དབྱངས་ནང་དབུ་མཛད་ལ་དཱ་བིད་ཀྱི་མིག་ཏཱམ་ཞིག་ནི།
༥༩
ཀྱེ་ངའི་དཀོན་མཆོག་དགྲ་ལས་ང་སྐྱོབ་མཛོད། དགྲ་རུ་ལྡང་མཁན་རྣམས་ལས་ཡར་འདེགས་མཛོད།༢ ཉེས་པ་བྱེད་མཁན་རྣམས་ལས་སྒྲོལ་བར་མཛོད། ཁྲག་འཐུང་དགའ་བའི་མི་ལས་ང་སྐྱོབ་མཛོད།
༣ འགལ་དང་ཉེས་པ་ང་ལ་མེད་བཞིན་དུ། དེ་རྣམས་ངའི་སྲོག་ལ་འཇབ་ཡཱ་ཝཱེ་གཟིགས། ངའི་དགྲར་ཤེད་ཅན་མི་རྣམས་ཕྱོགས་གཅིག་འདུ།
༤ ནོངས་མེད་ང་ཐོག་རྒྱུག་ཅིང་གྲལ་བྱེད་པས། ང་ཡི་ར་མདར་མནལ་སོད་གཟིགས་སུ་མཛོད།
༥ ཨིས་ར་ཨེལ་དཀོན་མཆོག་ཡཱ་ཝཱེ་དཔུང་ཆེན་གྱི། དཀོན་མཆོག་མི་བརྒྱུད་ཐམས་ཅད་འཕྲད་ཕྱིར་བཞེངས། སྡིག་སྤྱོད་འགལ་མཁན་གང་ལའང་སྙིང་མ་རྗེ། [སེ་ལཱ།]
༦ དགོངས་མོར་ལོག་འོང་ཁྱི་ལྟར་རྨུག་བྱེད་ཅིང་། གྲོང་ཁྱེར་ལ་ནི་སྐོར་བ་སྐོར་བར་བྱེད།
༧ ཐོས་མཁན་སུ་ཡོད་དེ་ཚོས་ཟེར་བས་ན། གཟིགས་ཤིག་དེ་ཚོའི་ཁ་ནས་ལྦུ་བ་འཐོན། ཁ་ལྤགས་ནང་ན་རལ་གྲི་རྣམས་འདུག་གོ།
༨ འོན་ཀྱང་ཡཱ་ཝཱེ་དེ་ཚོར་ཧབ་དགོད་མཛད། མི་བརྒྱུད་ཀུན་ལ་ཁྲེལ་དགོད་མཛད་པར་འགྱུར།
༩ ངའི་རྫོང་མཐོན་པོར་དཀོན་མཆོག་ཡིན་པས་ན། ཀྱེ་ངའི་སྟོབས་ཁྱེད་ལ་ངས་རེ་བ་བྱེད།
༡༠ ང་ཡི་དཀོན་མཆོག་ཐུགས་རྗེས་ང་སྐྱོབ་འོང་། དགྲ་རྣམས་དཀོན་མཆོག་གིས་ནི་ངར་མཐོང་གཞུག
༡༡ ང་ཡི་མི་སྡེས་བརྗེད་སྲིད་མི་གསོད་པར། ཀྱེ་ཡ་ཧོ་ཝཱ་ངེད་རྣམས་ཀྱི་ཕ་ལི། ཁྱེད་མཐུས་དེ་རྣམས་གཏོར་ཞིང་ས་རུ་ཕོབ།
༡༢ དེ་ཚོའི་ཁ་སྡིག་ཁ་ལྤགས་ཚིག་དང་ནི། རྫུན་དང་སྨོན་ལོག་འདེབས་པའི་རྒྱུ་རྐྱེན་གྱིས། དེ་ཚོའི་ང་རྒྱལ་ནང་དུ་འཛིན་པར་ཤོག
༡༣ ཐུགས་ཁྲོ་ནང་དུ་དེ་རྣམས་ཚར་ཆོད་ཅིག མེད་པར་འགྱུར་ཕྱིར་དེ་རྣམས་ཚར་ཆོད་ཅིག དཀོན་མཆོག་གིས་ཡ་ཀོབ་ལ་སྲིད་སྐྱོང་བ། ས་མཐའི་བར་དུ་དེ་ཚོར་ཤེས་སུ་ཆུག [སེ་ལཱ།]
༡༤ དགོངས་མོར་ལོག་འོང་ཁྱི་ལྟར་རྨུག་བྱེད་ཅིང་། གྲོང་ཁྱེར་ལ་ནི་སྐོར་བ་སྐོར་བར་ཤོག
༡༥ དེ་རྣམས་ཟས་དག་འཚོལ་དུ་ཡར་མར་འཁོར། མ་འགྲངས་ན་མཚན་ཐོག་ཐག་སྒུག་ཅིང་སྡོད།
༡༦ འོན་ངས་ཁྱེད་མཐུ་སྟོབས་ཀྱི་གླུ་ལེན་འོང་། ངའི་རྫོང་མཐོ་དང་སྡུག་བསྔལ་དུས་ཁྱེད་ངའི། འབྲོས་སར་གྱུར་པས་སྔ་དྲོ་སྐད་ཆེན་པོས། ཁྱེད་ཀྱི་བྱམས་བརྩེའི་གླུ་ངས་ལེན་པར་བྱ།
༡༧ དཀོན་མཆོག་རྫོང་མཐོ་ཐུགས་རྗེའི་དཀོན་མཆོག་ལགས། ངའི་སྟོབས་ཁྱེད་ལ་བསྟོད་དབྱངས་འབུལ་བར་བྱའོ༎