དབུ་མཛད་ལ་རྒྱུད་ལྡན་གྱི་རོལ་ཆས་ནང་དཱ་བིད་ཀྱི་མཱས་ཀིལ་ཞིག་ནི།
༥༥
ཀྱེ་དཀོན་མཆོག་ངའི་སྨོན་ལམ་ལ་སྙན་ཐོད། ངའི་འཕྲིལ་བཅོལ་ལས་ཁྱེད་ཡིབ་སྟེ་མ་བཞུགས།༢ ངའི་ཕྱོགས་གཟིགས་ཤིང་བཀའ་ལན་གནོང་ང་ནི། སྡུག་ཅིང་སྙིང་མི་གསོད་དེ་སྨྲེ་སྔགས་འདོན།
༣ དགྲ་ཡི་སྐད་དང་མི་ངན་གྱིས་མགོ་ནོན། བྱེད་ཅིང་ཉེས་སྐྱོན་བཀལ་ཏེ་འཁྲོ་ཞིང་འཚེ།
༤ བྱང་ཁོག་ནང་དུ་སྙིང་ནི་ན་གྱུར་ཏེ། འཆི་བའི་འཇིགས་སྐྲག་བདག་གི་ཐོག་ཏུ་བབས།
༥ འཚབས་པ་དང་ནི་འདར་ཡམ་ངའི་ཐོག་བྱུང་། འཇིགས་སྐྲག་གིས་ནི་བདག་བཀབ་པར་བྱས་པས།
༦ དེ་ནས་བདག་གིས་ང་ལ་ཕུག་རོན་ལྟར། ཤོག་པ་ཡོད་པ་ཡིན་ན་དེ་ནས་ང་། འཕུར་ནས་སོང་སྟེ་སེམས་བདེ་འབྱུང་བར་འགྱུར།
༧ ལྟོས་ཤིག་དེ་ནས་ང་ཐག་རིང་འགྲོ་ཞིང་། འབྲོག་སྟོང་ནང་ན་གནས་ཚང་བྱའོ་སྨྲས། [སེ་ལཱ།]
༨ རླུང་འཚུབ་དང་ནི་རླུང་དྲག་དྲག་ལས་ང་ནི། མྱུར་དུ་སྐྱབས་གནས་ཤིག་ཏུ་འབྲོས་བར་བྱ།
༩ བརྡབས་སིགས་འཐབ་མོ་གྲོང་ཁྱེར་ནང་མཐོང་བས། ཡཱ་ཝཱེ་དེ་ཚོའི་ལྕེ་གསེད་ཚར་ཆོད་ཅིང་།
༡༠ ཉིན་མཚན་མེད་པར་དེ་རྣམས་ལྕགས་རིར་འཁོར། དེ་ཡི་ནང་ན་ངན་དང་ཉོན་མོངས་འདུག
༡༡ དེ་ཡི་དཀྱིལ་ན་སེམས་ངན་འདུག་སྟེ་དེའི། ཁྲོམ་ནས་དབང་ཤུགས་མགོ་བསྐོར་མི་འབྲལ་ཞིང་།
༡༢ ང་ལ་སྨད་མཁན་དགྲ་བོ་མ་ཡིན་ཏེ། ཡིན་ན་ངས་ནི་བཟོད་དེ་ཡང་ང་ལ། སྡང་ཞིང་ཁེངས་དྲེགས་བསྟན་མཁན་མ་ཡིན་ཏེ། ཡིན་ན་ཁོ་ལས་ང་རང་ཡིབ་པ་ཡིན།
༡༣ འོན་དེ་བདག་གི་མཉམ་གྲོགས་ཟླ་བོ་དང་། སེམས་པ་ཉེ་བའི་མཛའ་གྲོགས་ཁྱོད་རང་ཡིན།
༡༤ ངེད་གཉིས་མཉམ་དུ་གཏམ་ཞིམ་བྱས་པ་ཡིན། ཚོགས་མཉམ་ངེད་དཀོན་མཆོག་གི་ཁྱིམ་དུ་སོང་།
༡༥ དེ་ཚོའི་གནས་དང་ཁོག་ནང་ངན་འདུག་པས། བློ་བུར་དེ་ཚོར་འཆི་བ་འབབ་པར་ཤོག དེ་རྣམས་གསོན་པོར་གཤིན་ཡུལ་ལྟུང་བར་ཤོག
༡༦ འོན་ཀྱང་ངས་ནི་དཀོན་མཆོག་འབོད་པར་བྱ། ཡང་ཡ་ཧོ་ཝཱས་བདག་ནི་སྐྱོབ་པར་འགྱུར།
༡༧ སྔ་དྲོ་ཕྱི་དྲོ་ཉིན་གུང་དག་ལ་ངས། འོ་དོད་དང་ནི་སྨྲེ་སྔགས་འདོན་བྱ་བས། བདག་གི་ངུ་སྐད་ཁོང་གིས་གསན་པར་འགྱུར།
༡༨ ང་ལ་འཐབ་མཁན་མང་ཙམ་ཡོད་ན་ཡང་། ངའི་ཐོག་ཐོན་པའི་དམག་འཐབ་ལས་ཁོང་གིས། ཁོ་བོ་ཉེ་ཞོ་མེད་པར་ཁོང་གིས་བསྐྱབས།
༡༩ སྔར་གྱི་དུས་ནས་མཆིས་པའི་དཀོན་མཆོག་གིས། གསན་ཞིང་དེ་ཚོར་བཀའ་ལན་གནང་བར་འགྱུར། [སེ་ལཱ།] དེ་རྣམས་མི་འགྱུར་དཀོན་མཆོག་ལ་མི་འཇིགས།
༢༠ སེམས་མཐུན་ཕྱོགས་སུ་ཁོ་ཡིས་ལག་པ་བརྒྱབས། མི་དེས་རང་གི་དམ་ཚིག་བརླགས་པར་བྱས།
༢༡ ཁོའི་ཁ་མར་ལྟར་འཇམ་པོ་ཡོད་ན་ཡང་། སྙིང་གི་ནང་ན་འཛིང་འཐབ་ཡོད་པ་ཡིན། གཏམ་རྣམས་འབྲུ་མར་ལས་འབོལ་མོ་ཡོད་ནའང་། ཤུབས་ནས་བཏོན་པའི་རལ་གྲི་ཡོད་པ་ཡིན།
༢༢ ཡ་ཧོ་ཝཱ་ལ་རང་གི་ཁུར་པོ་ཕུལ། ཁོང་གིས་ཁྱོད་ལ་ཉ་ར་མཛད་པར་འགྱུར། ཆོས་དྲང་ནམ་ཡང་ཁོང་གིས་གཡོ་མི་འཇུག
༢༣ འོན་ཀྱེ་དཀོན་མཆོག་ཁྱེད་ཀྱིས་མི་དེ་རྣམས། འཇིགས་པའི་དོང་གི་ནང་དུ་འབེབས་པར་བྱ། མི་བསད་མཁན་དང་མགོ་བསྐོར་མཁན་རྣམས་ནི། དེ་ཚོའི་ཚེ་ཚད་ཕྱེད་ཀྱང་གསོན་མི་འགྱུར། འོན་ཀྱང་ངས་ནི་ཁྱེད་ལ་བློ་གཏད་བྱའོ༎