ཨེ་དོམ་པ་དོ་ཨེག་སོང་ནས་ཤ་ཨུལ་ལ་དཱ་བིད་ནི་ཨ་ཧི་མེ་ལེག་གི་ཁང་བར་ཞུགས་སོང་ཞེས་བཤད་པའི་ཚེ་དབུ་མཛད་ལ་དཱ་བིད་ཀྱི་མཱས་ཀིལ་ཞིག་ནི།
༥༢
གྱད་པ་ཁྱོད་ཀྱིས་སེམས་ངན་ཅི་ལ་ངོམ། དཀོན་མཆོག་གི་ནི་ཐུགས་རྗེ་དུས་རྒྱུན་གནས།
 སྐྲ་གྲི་རྣོ་འདྲའི་ཀྱེ་མ་གཡོ་སྒྱུ་ཅན། ཤིན་ཏུ་ངན་པའི་བྱུས་ནི་ཁྱོད་ལྕེས་རྩོམ།
 བཟང་བ་ལས་ནི་ངན་པར་ཁྱོད་རབ་དགའ། དྲང་པོའི་གཏམ་ལས་རྫུན་ལ་ལྷག་པར་འཐད། [སེ་ལཱ།]
 སྒྱུ་ཟོག་ལྕེ་ཁྱོད་སྲོག་ལེན་གཏམ་ཀུན་འཐད།
 དཀོན་མཆོག་གིས་ཀྱང་ཁྱོད་གཏན་ཕྱིར་འཇིག་ཅིང་། ཁོང་གིས་བཟུང་ནས་གུར་ནས་ཁྱོད་སྐྲོད་ཅིང་། གསོན་པོའི་ཡུལ་ནས་ཁྱོད་ཀྱི་དྲུང་འབྱིན་འོང་། [སེ་ལཱ།]
 ཆོས་དྲང་པོས་ཀྱང་དེ་མཐོང་འཇིགས་པར་འགྱུར། དེ་ལ་ཁྲེལ་དགོད་གཏོང་ཞིང་འདི་སྐད་དུ།
 ལྟོས་འདིས་དཀོན་མཆོག་སྟོབས་སུ་མ་བཟུང་བར། རང་གི་ལོངས་སྤྱོད་མང་པོར་བློ་བཏད་དེ། ངན་ནང་ཤེད་ཅན་བྱས་སོ་སྨྲ་བར་འགྱུར།
 འོན་ང་དཀོན་མཆོག་གི་ནི་ཕོ་བྲང་ནང་། ལོ་མ་སྔོན་དིང་ཡོད་པའི་ཁ་སྐྱུར་འདྲ། དུས་རྒྱུན་དཀོན་མཆོག་ཐུགས་རྗེར་ངས་བློ་གཏོད།
 ཁྱེད་ཀྱིས་དེ་ལྟར་མཛད་པས་ངས་རྟག་ཏུ། གཏང་རག་འབུལ་ལོ་ཁྱེད་ཀྱི་དམ་པ་ཡི། མི་རྣམས་མདུན་དུ་ལེགས་པ་ཡིན་པ་ཡི། ཁྱེད་ཀྱི་མཚན་ལ་བདག་གིས་རེ་བ་བྱའོ༎