དཱ་བིད་་བེད་ཤ་བཱའི་རྩར་ཕྱིན་པའི་རྗེས་སུ་ལུང་སྟོན་པ་ནཱ་ཐན་དེའི་དྲུང་དུ་འོངས་པའི་ཚེ་ཁོང་གིས་དབུ་མཛད་ལ་གསུངས་པའི་གསུང་མགུར་ཞིག་ནི།
༥༡
དཀོན་མཆོག་ཁྱེད་ཀྱི་བྱམས་ཐུགས་བཞིན། ང་ལ་སྙིང་རྗེ་མཛད་དུ་གསོལ། ཁྱེད་ཀྱི་སྙིང་རྗེ་རྒྱ་ཆེ་བཞིན། བདག་གི་འགལ་སྐྱོན་རྣམས་སེལ་མཛོད།༢ ངའི་སྐྱོན་ཡོངས་སུ་འཁྲུད་མཛད་ཅིང་། སྡིག་པ་ལས་ང་གཙང་བར་མཛོད།
༣ ངའི་སྐྱོན་རྣམས་ཁས་ལེན་ང་ཡི། སྡིག་པ་དུས་རྒྱུན་ངའི་མདུན་ཡོད།
༤ གསུང་ནང་ཁྱེད་དྲང་པོར་གནས་ཤིང་། གཤགས་ནང་གཙང་བས་ཁྱེད་གཟིགས་ངོར། ངན་པ་ཡིན་པ་ངས་བྱས་ཏེ། ཁྱེད་གཅིག་པོར་ངས་སྡིག་པ་བྱས།
༥ གཟིགས་ཤིག་ངན་ནང་ངའི་དབྱིབས་ཆགས། སྡིག་པའི་ནང་ང་མའི་ལྟོར་ཆགས།
༦ གཟིགས་ཤིག་ཁྱེད་ཁོག་དྲང་པོར་དགྱེས། ནང་གི་གསང་བའི་སར་ང་ལ། ཁྱེད་ཀྱིས་ཤེས་རབ་བསྟན་པར་བྱ།
༧ ཨི་སོབ་མཉམ་དུ་འདག་ཆུག་ན། གཙང་བར་འགྱུར་འོང་ཁྲུ་བར་མཛོད། ཁ་བ་བས་ང་དཀར་བར་འགྱུར།
༨ ཁྱེད་ཀྱིས་བཅག་པའི་རུས་པ་རྣམས། དགའ་ཞིང་དགའ་མགུའི་ཧུན་ཐོས་ཆུག
༩ ངའི་སྡིག་པ་ལས་ཞལ་སྒྱུར་མཛོད། ལས་ངན་ཚང་མ་སེལ་བར་མཛོད།
༡༠ བདག་གི་ནང་དུ་དཀོན་མཆོག་ཀྱེ། སྙིང་གཙང་མ་ཞིག་མཛད་དུ་གསོལ། ངའི་ནང་སེམས་བརྟན་གསར་ནས་མཛོད།
༡༡ ཁྱེད་ཀྱི་དྲུང་ནས་ང་མ་སྐྲོད། ཐུགས་ཉིད་དམ་པ་འཁྱེར་མ་མཛད།
༡༢ ཁྱེད་སྐྱབས་བདེ་བ་སླར་ཡང་གནོང་། ངའི་སེམས་གྲོལ་བས་ང་སྲུང་ཆུག
༡༣ འགལ་མཁན་རྣམས་ལ་ཁྱེད་ཀྱི་ལམ། ང་ཡིས་བསྟན་ཞིང་སྡིག་ཅན་རྣམས། ཁྱེད་ཕྱོགས་ཕྱིར་ལོག་འོང་བར་འགྱུར།
༡༤ དཀོན་མཆོག་ཀྱེ་ངའི་སྐྱབས་དཀོན་མཆོག ངས་མི་བསད་པའི་སྐྱོན་སེལ་མཛོད། ཁྱེད་ཀྱི་དྲང་བ་ཉིད་ཀྱི་ཆེད། ངའི་ལྕེས་སྐད་ཆེའི་གླུ་ལེན་འོང་།
༡༥ ངའི་མཆུ་ཕྱེས་དང་ཀྱེ་ཡཱ་ཝཱེ། ངའི་ཁས་ཁྱེད་ལ་བསྟོད་པར་བྱ།
༡༦ ཁྱེད་ནི་མཆོད་པར་མི་མཉེས་ཏེ། དེ་མིན་བདག་གིས་འབུལ་བར་བྱ། སྦྱིན་སྲེག་ལ་ཡང་ཁྱེད་མི་དགྱེས།
༡༧ དཀོན་མཆོག་མཆོད་པ་སེམས་ཆག་པོའོ། སྙིང་ནི་ཆག་ཅིང་སྣད་པ་ལ། དཀོན་མཆོག་ཁྱེད་ཀྱིས་བརྙས་མི་མཛད།
༡༨ ཐུགས་རྗེས་ཙི་ཨོན་ལེགས་སུ་ཆུག ཡེ་རུ་ཤ་ལེམ་གྱང་རྩིག་མཛོད།
༡༩ དེ་ནས་སེམས་དྲང་མཆོད་པ་དང་། སྦྱིན་སྲེག་དག་གི་མཆོད་པ་དང་། སྦྱིན་སྲེག་མཆོད་པ་ཧྲིལ་པོ་ཡིས། ཁྱེད་ནི་མཉེས་འོང་ཁྱེད་མཆོད་ཁྲི་རུ། བེའུ་རྣམས་ཀྱང་འབུལ་བར་འགྱུར༎