དབུ་མཛད་ལ་ཀོ་རཱའི་བུ་རྣམས་ཀྱི་མཱས་ཀིལ་ཞིག་ནི།
༤༤
དཀོན་མཆོག་ཁྱེད་ཀྱིས་སྔོན་དུས་སུ། ངེད་ཀྱི་མེས་པོ་རྣམས་ཀྱི་དུས། མཛད་པའི་ཕྲིན་ལས་རྣ་བས་ཐོས། དེ་ཚོས་ངེད་ལ་བཤད་བྱུང་ངོ་༎
 ཁྱེད་ཀྱི་ཕྱག་གིས་མི་བརྒྱུད་རྣམས། བསྐྲད་ནས་དེ་རྣམས་ཕྱག་གིས་བཙུགས། ཁྱེད་ཀྱིས་མི་སྡེ་རྣམས་བཤིག་སྟེ། དེ་རྣམས་ཕྱོགས་བཞིར་རྒྱས་སུ་བཅུག
 དེ་ཚོའི་རལ་གྲིས་ཡུལ་མ་བཟུང་། དེ་ཚོའི་ཕྲག་པས་ཀྱང་མ་བསྐྱབས། འོན་ཀྱང་དེ་ཚོར་ཁྱེད་དགྱེས་པས། ཁྱེད་ཕྱག་གཡས་དང་ཕྲག་པ་དང་། ཞལ་རས་འོད་ཀྱིས་ཡུལ་བཟུང་བྱུང་།
 དཀོན་མཆོག་ཁྱེད་ངའི་རྒྱལ་པོ་ཡིན། ཡ་ཀོབ་ཐར་བའི་བཀའ་གནང་འཚལ།
 ཁྱེད་དང་འགྲོགས་ནས་དགྲ་ཟློག་ཅིང་། ངེད་དགྲར་ལྡང་མཁན་མི་རྣམས་ནི། ཁྱེད་མཚན་ནང་དུ་རྡོག་རྫིས་བྱ།
 དེའི་རྒྱུ་གཞུར་ངས་བློ་མི་གཏད། རལ་གྲིས་ང་མི་སྐྱོབ་པས་སོ༎
 འོན་ངེད་དགྲ་ལས་ཁྱེད་ཀྱིས་བསྒྲལ། ངེད་ལ་སྡང་མཁན་ཁྲེལ་བཅུག་མཛད།
 ཉིན་གང་ངེད་ཀྱིས་དཀོན་མཆོག་ངོམ། དུས་རྒྱུན་ཁྱེད་མཚན་བསྟོད་པར་བྱ། [སེ་ལཱ།]
 འོན་ཀྱང་ད་ལྟ་ཁྱེད་ཀྱིས་ངེད། བསྐྱུར་ནས་དམའ་འབེབས་གནང་མཛད་དེ། ངེད་ཀྱི་དམག་དཔུང་མཉམ་མི་གཤེགས།
༡༠ དགྲ་ལས་ང་ཅག་འཕམ་བཅུག་མཛད། སྡང་མཁན་རྣམས་ཀྱིས་ངེད་བཅོམ་མོ༎
༡༡ བཤས་ལུག་འདྲ་བར་ཁྱེད་ཀྱིས་མཛད། མི་བརྒྱུད་རྣམས་ཁྲོད་ངེད་གཏོར་མཛད།
༡༢ ཉིད་ཀྱི་མི་སྡེ་རིན་མེད་འཚོང་། རིན་གྱིས་ཁྱེད་ནོར་མ་སྤེལ་ཏོ༎
༡༣ ཁྱིམ་མཚེས་པ་ཡི་སྨད་ཚིག་དང་། ཉེ་འཁོར་པ་ཡི་ཁ་ངན་དང་། ཁྲེལ་དགོད་རྒྱུར་ངེད་ཁྱེད་ཀྱིས་མཛད།
༡༤ མི་བརྒྱུད་རྣམས་ནང་གཏམ་དཔེ་དང་། མི་སྡེ་རྣམས་ནང་མགོ་གཡུག་པའི། གནས་སུ་ཁྱེད་ཀྱིས་ང་ཅག་མཛད།
༡༥ དགྲ་དང་དགྲ་ལན་ལེན་མཁན་རྐྱེན། སྨད་ཅིང་ཚིག་ངན་སྐད་རྐྱེན་གྱིས།
༡༦ ཉིན་གང་ངོ་ཚ་ངའི་མདུན་ཡོད། ཁྲེལ་བས་ངའི་གདོང་བཏུམ་པར་བྱས།
༡༧ འདི་ཀུན་ངེད་ཐོག་འཕོག་ན་ཡང་། ཁྱེད་ཀྱང་མ་བརྗེད་པར་ཁྱེད་ཀྱི། ཞལ་ལའང་ལོག་པར་མེད་པ་དང་།
༡༨ སྙིང་ཡང་མ་འཁྱོར་བར་ཁྱེད་ཀྱི། གོམ་པ་གཤེགས་ལམ་ལས་མ་འཁྱར།
༡༩ འོན་ཀྱང་ཅེ་སྤྱང་གནས་སུ་ངེད། ཁྱེད་ཀྱིས་རབ་ཏུ་བརྫིས་མཛད་དེ། འཆི་བའི་གྲིབ་མས་ངེད་བཀབ་མཛད།
༢༠ རང་གི་དཀོན་མཆོག་བརྗེད་པའམ། གཞན་ལྷར་ལག་པ་བཏིང་ཡོད་ན།
༢༡ སྙིང་གི་གསང་བ་དཀོན་མཆོག་གིས། མཁྱེན་པས་དེ་རྩད་མི་གཅོད་དམ།
༢༢ ཁྱེད་དོན་ཉིན་གང་ངེད་བསད་བྱུང་། ངེད་ཅག་བཤས་ལུག་ལྟར་བརྩིས་བྱུང་།
༢༣ ཡཱ་ཝཱེ་མནལ་སོད་ཅི་ལ་གཟིམ། བཞེངས་ཤིག་དུས་རྒྱུན་ངེད་མ་སྤང་།
༢༤ ཁྱེད་ཞལ་སྦེད་ཅིང་ངེད་ཀྱི་སྡུག མགོ་ནོན་ཅི་ལ་རྗེད་པར་མཛད།
༢༥ ངེད་ཀྱི་སེམས་ནི་ཐལ་ཁྲོད་འདྲེས། ངེད་ཀྱི་ལུས་ནི་ས་ལ་འབྱར།
༢༦ ད་ངེད་ར་མདར་བཞེངས་པར་མཛོད། ཁྱེད་ཀྱི་བྱམས་བརྩེའི་ཕྱིར་ངེད་སྒྲོལ༎