གསུང་མགུར་གྱི་མདོ་གཉིས་པ།
དབུ་མཛད་ལ་ཀོ་རཱའི་བུ་རྣམས་ཀྱི་མཱས་ཀིལ་ཞིག་ནི།
༤༢
གྲོག་པོའི་ཆུ་ལ་ཤ་མོ་གདུང་བ་ལྟར། དཀོན་མཆོག་ཁྱེད་ལ་ངའི་སེམས་དུང་དུང་བྱེད།༢ བདག་གི་སེམས་ཉིད་དཀོན་མཆོག་ཕྱིར། གསོན་པོའི་དཀོན་མཆོག་ཕྱིར་སྐོམ་མོ། དཀོན་མཆོག་དྲུང་ང་ནམ་སླེབ་འོང་།
༣ ཁྱོད་ཀྱི་དཀོན་མཆོག་ག་ན་ཡོད། དེ་ཚོས་ཆད་མེད་ཟེར་བས་ན། ཉིན་མཚན་གཉིས་པོར་ངའི་མཆི་མ། བདག་གི་ཁ་ཟས་ལ་གྱུར་བྱུང་།
༤ དུས་ཆེན་བྱེད་པའི་མི་ཚོགས་ཤིག དགའ་སྤྲོ་བསྟོད་པའི་དབྱངས་དང་བཅས། མི་ཚོགས་མཉམ་དུ་ཇི་ལྟར་ངས། དེ་རྣམས་དཀོན་མཆོག་ཕོ་བྲང་དུ། ཁྲིད་ནས་སོང་བ་དྲན་པ་ལས། བདག་གི་ཁོག་ནང་སེམས་འབའོ༎
༥ ང་ཡི་སེམས་ཅི་ལ་ཁྱོད་འཕམ། ཅི་ལ་ཁོག་ནང་ཁྲུགས་པ་ཡིན། ཁོང་གི་སྐྱབས་ཀྱི་ཞལ་ངོའི་ཕྱིར། ད་རུང་ངས་ཁོང་བསྟོད་འོང་བས། དཀོན་མཆོག་ལ་ཁྱོད་རེ་བ་བྱོས།
༦ ཀྱེ་ངའི་དཀོན་མཆོག་ངའི་ཁོག་ནང་། བདག་གི་སེམས་ནི་འཕམ་པས་ན། ཡོར་དན་ཡུལ་དང་ཧེར་མོན་དང་། མི་ཚར་རི་ནས་ཁྱེད་དྲན་ནོ༎
༧ ཁྱེད་ཀྱི་ཆུ་འཕྱར་སྐད་རྣམས་ཀྱིས། གཏིང་ཟབ་གཅིག་གིས་གཅིག་ལ་གླེང་། ཁྱོད་ཀྱི་རྦ་ཀློང་རྦ་རླབས་ཀུན། བདག་གི་སྟེང་ནས་འགྲོ་བར་བྱས།
༨ ཡཱ་ཝཱེས་ཉིན་དུས་ཁོང་བྱམས་བརྩེའི། བཀའ་གནང་འོང་བས་མཚན་མོར་ངས། ཁོང་གི་གླུ་ལེན་ངའི་སྲོག་གི། དཀོན་མཆོག་ལ་ནི་སྨོན་ལམ་འདེབས།
༩ དཀོན་མཆོག་ངའི་བྲག་ལགས་པ་ལ། ཅི་ལ་ང་ནི་བརྗེད་པ་ཡིན། དགྲ་བོའི་མགོ་ནོན་རྐྱེན་གྱིས་ང་། མྱ་ངན་བྱེད་ཅིང་འགྲོ་དགོས་ཅི། ཞེས་ངས་ཁོང་ལ་ཞུ་བར་བྱ།
༡༠ དགྲ་ཚོས་ཆད་མེད་པར་ང་ལ། ཁྱོད་ཀྱི་དཀོན་མཆོག་ག་ན་ཡོད། ཟེར་བའི་སྨད་སྒྲ་ངའི་རུས་པའི། ནང་དུ་རལ་གྲི་བཙུགས་པ་འདྲ།
༡༡ ང་ཡི་སེམས་ཅི་ལ་ཁྱོད་འཕམ། ཅི་ལ་ཁོག་ནང་ཁྲུགས་པ་ཡིན། ངའི་ངོའི་སྐྱབས་དང་དཀོན་མཆོག་ལ། ད་རུང་ང་ཡིས་བསྟོད་འོང་བས། དཀོན་མཆོག་ལ་ཁྱོད་རེ་བ་བྱོས༎