དབུ་མཛད་ལ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༤༠
ཡཱ་ཝཱེའི་ཕྱིར་དུ་བདག་ནི་བསྲན་ཞིང་བསྒུགས། ང་ལ་གཟིགས་ཤིང་འོ་དོད་གསན་མཛད་དེ།
 འཇིགས་རུང་དོང་དང་གཞའ་ཡི་འདམ་ལས་བཏོན། བདག་གི་རྐང་པ་བྲག་སྟེང་བཞག་མཛད་ནས།
 ང་ཡི་གོམ་སྟབས་ཁོང་གིས་བརྟན་པར་མཛད། ངེད་ཀྱི་དཀོན་མཆོག་བསྟོད་པའི་མགུར་གསར་ཞིག ཁ་ནང་བཅུག་པར་མཛད་པས་མི་མང་པོས། མཐོང་ཞིང་འཇིགས་ཏེ་ཡཱ་ཝཱེར་བློ་གདེང་བྱ།
 རྫུན་ཅན་ང་རྒྱལ་ཅན་ཕྱོགས་མི་ལོག་པར། ཡཱ་ཝཱེར་བློ་གཏད་བཅོལ་བའི་མི་དེ་ཤིས།
 ཀྱེ་ཡཱ་ཝཱེ་ངའི་དཀོན་མཆོག་ངེད་ཀྱི་ཕྱིར། མ་ཚད་པའི་ངོ་མཚར་ཕྲིན་ལས་དང་ཐུགས་སྐྱེད། མང་བས་རིམ་བཞིན་ཁྱེད་དྲུང་སྒྲིབ་མི་ཐུབ། ང་ཡིས་དེ་རྣམས་བརྗོད་ཅིང་འཆད་དགའ་ན། དེ་རྣམས་བགྲང་བར་ནུས་པ་ལས་འདས་པའོ༎
 མཆོད་པ་དང་ནི་འབུལ་བར་ཁྱེད་མི་དགྱེས། ཁྱེད་ཀྱིས་ངའི་རྣ་ཕྱེས་མཛད་སྦྱིན་སྲེག་དང་། སྡིག་བཤགས་མཆོད་པ་ཁྱེད་ཀྱིས་མ་བཙལ་ཏོ༎
 དེ་ནས་བདག་གིས་ལྟོས་ཤིག་ང་འོང་ངོ་། ངའི་སྐོར་ཤོག་སྒྲིལ་མདོ་ནང་བྲིས་འདུག་གོ།
 ངའི་དཀོན་མཆོག་གི་ཐུགས་དགོངས་སྒྲུབ་པར་དགའ། སྙིང་ནང་ཁྱེད་ཀྱི་བཀའ་ཁྲིམས་ཡོད་ཅེས་ཞུས།
 ཚོགས་ཆེན་ནང་དུ་དྲང་བ་ཉིད་ངས་བཤད། གཟིགས་ཤིག་བདག་གིས་ཁ་ལྤགས་འཚུམ་མི་བྱ།
༡༠ སྙིང་ནང་དྲང་བ་ཉིད་ཁྱེད་སྦས་མ་བཞག ཁྱེད་ཀྱི་བརྟན་ལུགས་སྐྱབས་ཀྱང་ངས་བཤད་ཡོད། ཁྱེད་ཀྱི་བྱམས་གཟིགས་དང་ནི་བདེན་པ་ཉིད། མི་ཚོགས་ཆེན་པོ་ལ་ངས་སྦས་མ་བཞག
༡༡ ཡཱ་ཝཱེ་ང་ལ་བྱམས་བརྩེ་བསྲིས་མ་ཞོག ཁྱེད་ཀྱི་བྱམས་དང་བདེན་པས་ང་རྒྱུན་སྲུང་།
༡༢ གྲངས་མེད་ངན་པས་ང་བསྐོར་ངའི་ཉེས་པས། ང་ནི་བཟུང་བས་མིག་འདེགས་མི་ཐུབ་སྟེ། ངའི་སྐྲ་གྲངས་ལས་མང་བས་སྙིང་སྟོབས་བུད།
༡༣ ང་ནི་སྒྲོལ་དུ་ཡཱ་ཝཱེ་ཁྱེད་མཉེས་ཤོག ཡཱ་ཝཱེ་ང་ལ་གྲོགས་མཛད་ཕྱིར་མགྱོགས་མཛོད།
༡༤ ངའི་སྲོག་གཅོད་པར་རྔམ་མཁན་རྣམས་ལྷན་ཅིག སྐྱེངས་ཤིང་ངོ་ནི་ཚ་བར་འགྱུར་བར་ཤོག ང་ལ་གནོད་པ་འབྱུང་བར་དགའ་བ་རྣམས། འཕམ་ཞིང་ངོ་ནི་ཚ་བར་འགྱུར་བར་ཤོག
༡༥ ང་ལ་ཨ་ཧ་ཨ་ཧ་ཟེར་མཁན་རྣམས། རང་གི་ཁྲེལ་བའི་རྐྱེན་གྱིས་སྟོངས་པར་ཤོག
༡༦ ཁྱེད་འཚོལ་ཀུན་ནི་དགའ་ཞིང་མགུ་བར་ཤོག ཁྱེད་ཀྱི་སྐྱབས་ལ་ཆགས་པས་དུས་རྒྱུན་དུ། ཡཱ་ཝཱེར་བསྟོད་སྔགས་པར་ཤོག་ཅེས་ཟེར་ཞིག
༡༧ འོན་ཀྱང་ང་ནི་དབུལ་ཞིང་འཕོངས་ན་ཡང་། ཡ་ཧོ་ཝཱ་ཡིས་ང་ནི་སེམས་པར་མཛད། ང་ཡི་ར་མདའ་དང་ནི་སྒྲོལ་མཛད་ཁྱེད། ཀྱེ་ངའི་དཀོན་མཆོག་ཐུགས་འགོར་མ་མཛད་ཅིག།