དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༣༧
ངན་བྱེད་རྣམས་ཕྱིར་ཁྱོད་ཀྱི་སེམས་མ་ཁྲུགས། ངན་སྤྱོད་རྣམས་དང་འགྲན་པར་མ་བྱེད་ཅིག ༢ དེ་རྣམས་རྩྭ་ལྟར་མྱུར་དུ་རྔ་བར་འགྱུར། རྩྭ་སྔོན་རྙིད་ལྟར་དེ་རྣམས་རྙིད་པར་འགྱུར།༣ ཡཱ་ཝཱེར་རེ་ཞིང་ལས་བཟང་བྱོས་ཤིག་དང་། ཡུལ་དུ་གནས་ཤིང་དྲང་བའི་རྗེས་སུ་འབྲོངས། ༤ ཡཱ་ཝཱེའི་ནང་དུའང་དགའ་བར་བྱོས་ཤིག་དང་། ཁྱོད་ཀྱི་སྙིང་གི་འདོད་དོན་གནང་བར་འགྱུར།
༥ རང་གི་ལམ་ནི་ཡཱ་ཝཱེར་རྡལ་བར་བྱོས། ཁོང་ལ་བློ་ཐོད་ཁོང་གིས་དེ་སྒྲུབ་འོང་། ༦ ཁྱོད་ཀྱི་དྲང་པོ་འོད་ལྟར་མཛད་འོང་ཞིང་། ཁྱོད་ཀྱི་གཤགས་ནི་ཉིན་གུང་ལྟ་བུར་མཛད།
༧ བསྲན་ཞིང་ཡཱ་ཝཱེར་སྒུགས་ཤིག་སེམས་བདེར་སྡོད། ལས་དོན་འགྲུབ་ཅིང་བྱུས་ངན་རྣམས་སྒྲུབ་པའི། མི་ནི་དེའི་ཕྱིར་ཚིག་པ་ཁྱོད་མ་ཟ།
༨ ཁོང་ཁྲོ་སྐྱུར་ཞིང་ཁྲོ་གཏུམ་སྤོང་བར་བྱོས། ཚིག་པ་མ་ཟ་འདིས་ནི་ངན་པར་འདྲེན། ༩ དེས་ན་ངན་བྱེད་རྣམས་ནི་ཚར་གཅད་ཀྱང་། ཡཱ་ཝཱེར་སྒུག་པས་ཡུལ་ནི་བདག་འགྱུར་ཡང་།
༡༠ འཐེན་ཙམ་འོག་ཏུ་སྡིག་སྤྱོད་མེད་པར་འགྱུར། ཞིབ་པར་གནས་སར་བལྟས་ཀྱང་ཁོ་ནི་མེད། ༡༡ འོན་ཀྱང་སྙེམས་ཆུང་གིས་ཡུལ་དབང་བར་འགྱུར། ཞི་བདེ་མང་བའི་རྐྱེན་གྱིས་དགའ་བར་འགྱུར།
༡༢ ཆོས་དྲང་མི་ཕྱིར་སྡིག་སྤྱོད་གླགས་འཚོལ་ཞིང་། དེ་ལ་བལྟས་ནས་ཁོ་ཡིས་སོ་ཧྲིག་གོ། ༡༣ ཡཱ་ཝཱེས་ཁོ་ཡི་ཞག་ནི་སླེབ་གཟིགས་པས། ཁོ་ཡི་ཕྱིར་དུ་ཁོང་ནི་བཞད་པར་མཛད།
༡༤ དབུལ་པོ་ནོར་མེད་ས་ལ་རྡབ་པ་དང་། ལས་ནང་དྲང་པོ་ཡོད་མཁན་གསོད་པའི་ཕྱིར། སྡིག་སྤྱོད་རལ་གྲི་བཏོན་ནས་གཞུ་བསྐྱིལ་ལོ། ༡༥ དེ་ཚོའི་རལ་གྲིས་རང་གི་སྙིང་རྟོལ་ཞིང་། མི་དེ་རྣམས་ཀྱི་གཞུ་མོ་གཅོག་པར་འགྱུར།
༡༦ སྡིག་སྤྱོད་མང་པོའི་ནོར་ནི་མོད་པ་བས། མི་ནི་དྲང་པོ་ཡིན་པའི་ནོར་ཉུང་ལེགས། ༡༧ སྡིག་སྤྱོད་མི་ཡི་ཕྲག་པ་གཅོག་འགྱུར་ཡང་། ཡཱ་ཝཱེས་ཆོས་དྲང་མི་ལ་ཉ་ར་མཛད།
༡༨ མཐར་ཕྱིན་མི་ཡི་ཚེ་ཚད་ཡཱ་ཝཱེས་མཁྱེན། དེ་ཚོའི་ནོར་སྐལ་རྟག་ཏུ་གནས་པར་འགྱུར། ༡༩ རྐྱེན་ངན་དུས་སུ་དེ་དག་མི་སྐྱེང་ཞིང་། མུ་གེའི་དུས་སུ་དེ་དག་འགྲང་བར་འགྱུར།
༢༠ སྡིག་སྤྱོད་ནུབ་འོང་ཡཱ་ཝཱེའི་དགྲ་བོ་རྣམས། རྩྭ་ཁའི་རྩྭ་ལྟར་འགྱུར་ཞིང་མེད་པར་འགྱུར། དུད་པ་ལྟར་དུ་དེ་རྣམས་ཡལ་བར་འགྱུར།
༢༡ སྡིག་སྤྱོད་སྐྱིན་པ་བསྐྱིས་ནས་མི་འཇལ་ཡང་། དྲང་པོས་སྙིང་རྗེ་བྱེད་ཅིང་སྦྱིན་པ་སྦྱིན། ༢༢ ཁོང་གིས་བྱིན་གྱིས་བརླབས་པར་ཡུལ་རྙེད་ཀྱང་། དམོད་པར་མཛད་པ་རྣམས་ནི་འཕྲལ་བར་འགྱུར།
༢༣ ཡཱ་ཝཱེས་མི་ཡི་འགྲོ་ལམ་བརྟན་པོར་མཛད། མི་དེའི་ལམ་ལ་ཁོང་ནི་ཐུགས་དགྱེས་སོ། ༢༤ ཡཱ་ཝཱེའི་ཕྱག་གིས་དེ་ལ་འཐམ་མཛད་པས། དེ་ནི་འབུབ་ནའང་ཡོངས་སུ་འགྱེལ་མི་འགྱུར།
༢༥ ང་ནི་གཞོན་ཤར་ཡོད་དེ་ད་རྒས་ཀྱང་། ཆོས་དྲང་མི་རྣམས་སྤངས་པར་གྱུར་པ་དང་། དེའི་བརྒྱུད་རྩམ་པ་སློང་བ་ངས་མ་མཐོང་། ༢༦ ཉིན་གང་སྙིང་རྗེ་བྱེད་ཅིང་སྐྱིན་པ་གཏོང་། དེ་ཡི་བརྒྱུད་ལ་བྱིན་རླབས་རྙེད་པར་བྱེད།
༢༧ མི་དགེ་བ་ལས་འབྱོལ་ཞིང་བཟང་པོ་བྱོས། དེ་ནས་རྒྱུན་ནས་རྒྱུན་དུ་འཚུགས་པར་འགྱུར། ༢༨ ཡ་ཧོ་ཝཱ་ནི་འོས་འཚམས་ལ་ཐུགས་མཉེས། ཁོང་གི་སྐྱེས་བུ་དམ་པ་རྣམས་མི་སྐྱུར། ཁོང་གིས་དེ་དག་དུས་རྒྱུན་སྲུང་མཛད་ཀྱང་། སྡིག་སྤྱོད་མི་ཡི་མི་རབས་གཅོད་པར་འགྱུར། ༢༩ དྲང་པོས་ཡུལ་ལ་དབང་ཞིང་དེར་རྒྱུན་གནས།
༣༠ ཆོས་དྲང་ཞལ་གྱིས་ཤེས་རབ་གླེང་མོ་མཛད། ལྗགས་ཀྱིས་འོས་འཚམས་གཏམ་གླེང་མཛད་པར་འགྱུར། ༣༡ རང་གི་དཀོན་མཆོག་གི་ནི་བཀའ་ཁྲིམས་དེ། སྙིང་དུ་ཡོད་པས་གོམ་སྟབས་མི་འཁྱོར་རོ༎
༣༢ ཆོས་དྲང་མི་ལ་སྡིག་སྤྱོད་ཀྱིས་འཇབ་ཅིང་། གསོད་པའི་ཕྱིར་དུ་ཁོ་ཡིས་གླགས་འཚོལ་ལོ། ༣༣ ཡཱ་ཝཱེས་ཁོ་ཡི་ལག་པར་གཏད་མི་བྱ། གཤགས་བྱེད་དུས་སུའང་ནོངས་འགེལ་འཇུག་མི་མཛད།
༣༤ ཡཱ་ཝཱེར་རེ་ཞིང་ཁོང་གི་ལམ་ནང་འགྲུལ། ཁྱོད་ཀྱིས་ཡུལ་བདག་ཕྱིར་དུ་ཡར་འདེགས་འགྱུར། སྡིག་སྤྱོད་ཚར་གཅོད་དུས་ཀྱང་ཁྱོད་མཐོང་འོང་།
༣༥ རང་སར་རྩི་ཤིང་སྔོན་པོ་རྒྱས་པ་ལྟར། སྡིག་སྤྱོད་ཧ་ཅང་དར་བ་ངས་མཐོང་ཡང་། ༣༦ ང་ཁོའི་མདུན་ནས་ཆས་དུས་ཁོ་ནི་མེད། ངས་ཁོ་བཙལ་ཡང་ཁོ་ནི་ཐོབ་མ་བྱུང་།
༣༧ མཐར་ཕྱིན་ལ་ལྟོས་མི་ནི་དྲང་པོར་ལྟོས། མི་ནི་དེ་འདྲའི་རྟིང་མཇུག་ཞི་བདེ་ཡིན། ༣༨ འོན་ཀྱང་སྡིག་སྤྱོད་ཕྱོགས་གཅིག་ཚར་བར་འགྱུར། སྡིག་སྤྱོད་དག་གི་རྟིང་མཇུག་འཕུང་བ་ཡིན།