དབུ་མཛད་ལ་ཡ་ཧོ་ཝཱའི་བྲན་པོ་དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༣༦
སྡིག་སྤྱོད་མི་ཡི་འགལ་སྐྱོན་གྱིས། དཀོན་མཆོག་འཇིགས་པ་ཁོའི་མིག་མདུན། མེད་ཅེས་ང་ཡི་སྙིང་གིས་ཟེར།
 ངའི་ནོངས་མི་མངོན་སྡང་མི་འགྱུར། ཞེས་ཁོའི་མཐོང་སྣང་སེམས་པས་ན། རང་གིས་རང་ལ་རང་བསྟོད་བྱེད།
 ཁའི་གཏམ་ངན་དང་གཡོ་སྒྱུ་སྟེ། དེས་ནི་མཁས་པར་འགྱུར་བ་དང་། བཟང་པོ་བྱེད་པ་སྤངས་པ་ཡིན།
 མལ་ཁྲིའི་སྟེང་དུ་བྱུས་ངན་རྩོམ། བཟང་པོ་མིན་པའི་ལམ་ནང་འཇུག ངན་པར་ཞེན་པ་ཁོ་མི་ལོག
 ཡཱ་ཝཱེའི་བྱམས་ཐུགས་ནམ་མཁར་བཞུགས། ཁྱེད་ཀྱི་ཐུགས་དྲང་གནམ་ལ་རེག
 ཁྱེད་ཐུགས་དྲང་བ་དཀོན་མཆོག་གི། རི་བོ་རྣམས་དང་འདྲ་ཁྱེད་ཀྱི། བཀའ་ཁྲིམས་རྣམས་ནི་རབ་ཏུ་ཟབ། ཀྱེ་ཡ་ཧོ་ཝཱ་ཁྱེད་ཉིད་ཀྱིས། མི་དང་དུད་འགྲོ་སྲུང་བར་མཛད།
 ཁྱེད་ཀྱི་བྱམས་གཟིགས་ཀྱེ་དཀོན་མཆོག ཇི་ལྟ་བུ་ཡི་རིན་ཆེན་ལགས། ཁྱེད་ཀྱི་འདབ་ཤོག་བསིལ་གྲིབ་འོག མི་ཡི་བུ་རྣམས་སྐྱབས་སུ་འགྲོའོ༎
 ཁྱེད་ཀྱི་ཕོ་བྲང་སྣུམ་རྩི་ཡིས། ཤིན་ཏུ་འགྲང་འོང་ཁྱེད་ཉིད་ཀྱི། དགའ་སྤྲོའི་གཙང་པོའི་ཆུ་ནས་སྟེར།
 ཁྱེད་དྲུང་ཚེ་ཡི་འབྱུང་གནས་ཡོད། ཁྱེད་ཀྱི་འོད་ནང་ངེད་འོད་མཐོང་།
༡༠ ཁྱེད་ངོ་ཤེས་མཁན་ཚོར་རྟག་ཏུ། བྱམས་མཛོད་སྙིང་དྲང་ཐམས་ཅད་ལ། ཁྱེད་ཀྱི་དྲང་བ་ཉིད་གནང་མཛོད།
༡༡ ང་རྒྱལ་ཅན་གྱི་རྡོག་པ་ནི། ང་ལ་རྒྱབ་ཏུ་འཇུག་མ་གནང་། སྡིག་སྤྱོད་མི་ཡི་ལག་པ་ཡིས། ང་ནི་ཕྱི་རོལ་འདོན་མ་ཆུག
༡༢ སྡིག་སྤྱོད་རྣམས་དེར་འགྱེལ་ནས་འདུག ས་ལ་བརྡབས་སླར་ལྡང་མི་ཐུབ༎