དཱ་བིད་ཀྱི་གསུང་མགུར་ཞིག་ནི།
༣༥
ང་ལ་རྒོལ་བའི་མི་རྣམས་ལ། ཡཱ་ཝཱེ་ཁྱེད་ཀྱིས་རྒོལ་བར་མཛོད། ང་ལ་འཐབ་པའི་མི་རྣམས་ལ། ཁྱེད་ཀྱིས་འཐབ་མོ་མཛད་དུ་གསོལ།༢ ཕུབ་དང་ཕ་ལི་བསྣམས་མཛད་དེ། ང་ལ་ར་མདའ་མཛད་དུ་བཞེངས།
༣ མདུང་ཡང་བཏོན་ནས་ངའི་ཕྱི་བཞིན། བདའ་མཁན་རྣམས་ཀྱི་ལམ་གཅོད་མཛོད། ཁྱོད་ཀྱི་སྐྱབས་ནི་ང་ཡིན་ཞེས། ང་ཡི་སེམས་ལ་གསུང་དུ་གསོལ།
༤ ང་ཡི་སྲོག་ལ་རྔམ་མཁན་རྣམས། སྐྱེངས་ཤིང་ངོ་ནི་ཚ་བར་ཤོག ང་ལ་གནོད་སྐྱེལ་གྲོས་བྱེད་རྣམས། ཕམ་པར་གྱུར་ཏེ་ངོ་ཚ་ཤོག
༥ རླུང་གིས་འཁྱེར་བའི་སོག་མ་ལྟར། ཡཱ་ཝཱེའི་ཕོ་ཉས་དེད་པར་ཤོག
༦ མུན་ནག་ལམ་ནང་འདྲེད་པར་ཤོག ཡཱ་ཝཱེའི་ཕོ་ཉས་བདའ་བར་ཤོག
༧ དེ་ཚོས་དོན་མེད་ངའི་ཕྱིར་དུ། དོང་ནང་རྙི་བཙུགས་རྒྱུ་མེད་པར། ངའི་སྲོག་ཕྱིར་དུ་དོང་བྲུས་སོ༎
༨ སྣང་མེད་ཁོ་ལ་འཕུང་དཀྲོལ་དང་། རང་གིས་བཙུགས་པའི་རྙིར་འཚུད་དེ། དེ་ནང་ལྟུང་ཞིང་འཕུང་བར་ཤོག
༩ ངའི་སེམས་ཡཱ་ཝཱེའི་ནང་སྐྱིད་ཅིང་། ཁོང་གི་སྐྱབས་ནང་དགའ་བར་འགྱུར།
༡༠ སྟོབས་ལྡན་དག་ནས་དབུལ་པོ་སྐྱོབ། དབུལ་ཕོངས་ནོར་མེད་ཇག་པ་ལས། ཐར་བར་མཛད་མཁན་ལགས་པ་ཡི། ཡཱ་ཝཱེ་ཁྱེད་འདྲ་སུ་ཡོད་ཅེས། ང་ཡི་རུས་པ་ཀུན་གྱི་ཞུ།
༡༡ རྫུན་གྱི་དཔང་པོ་རྣམས་ལངས་ནས། ང་ལ་རྒྱུས་མེད་གཏམ་རྣམས་འདྲི།
༡༢ ངའི་སེམས་འཕྲོག་ཕྱིར་དེ་རྣམས་ཀྱིས། བཟང་པོའི་ལན་དུ་ངན་འཇལ་ཡང་།
༡༣ དེ་དག་ན་དུས་ངས་སྡུག་གོས། གོན་ནས་སྨྱུང་གནས་སྲུང་བྱས་ཏེ། རང་ལ་སེམས་སྡུག་བཏང་ནས་ངའི། སྨོན་ལམ་པང་ནང་ཕྱིར་ལོག་བསླེབས།
༡༤ དེ་ཚོར་གྲོགས་པོའམ་སྤུན་ལྟར་བྱས། མའི་ཕྱིར་མྱ་ངན་བྱེད་པ་ལྟར། ངས་མགོ་བརྒུས་ནས་མྱ་ངན་བྱས།
༡༥ ད་ང་འཁྱོར་དུས་དེ་རྣམས་དགའ། ལྷན་ཅིག་ཚོགས་བྱུང་མ་རབས་རྣམས། ངའི་ཕྱིར་འདུས་པ་ངས་མ་ཤེས། དེ་ཚོས་ང་གསེད་པ་མ་སྤངས།
༡༦ མགྲོན་ནང་ཚུལ་མེད་པྲ་ཆལ་ལྟར། དེ་ཚོས་ང་ལ་སོ་རྡར་བྱུང་།
༡༧ ཡཱ་ཝཱེ་ནམ་ཐུག་ཁྱེད་གཟིགས་བཞུགས། ངའི་སེམས་དེ་ཚོའི་འཇིག་ལུགས་དང་། ངའི་སྲོག་གཅེས་པ་སེང་ལས་སྒྲོལ།
༡༨ ཚོགས་ཆེན་ནང་དུ་གཏང་རག་འབུལ། མི་མང་ཁྲོད་དུ་ཁྱེད་ལ་སྟོད།
༡༩ དོན་མེད་ངའི་དགྲར་གྱུར་པ་རྣམས། ངའི་ཕྱིར་སེམས་སྐྱིད་བྱེད་མ་གནང་། རྒྱུ་མེད་ང་ལ་སྡང་བ་རྣམས། ངའི་ཕྱིར་མིག་བརྡ་བྱེད་མ་གནང་།
༢༠ དེ་ཚོས་མཐུན་གཏམ་མི་གླེང་ཁར། ཡུལ་ནང་སེམས་མཐུན་ཡོད་མཁན་ཕྱིར། གཡོ་སྒྱུའི་གྲོས་གཏམ་བྱེད་པའི་སྟེང་།
༢༡ ངའི་ཕྱིར་ཁ་ནི་ཆེར་གདངས་ཏེ། ཨ་ཧ་ཨ་ཧ་ངེད་ཅག་གི། མིག་གིས་མཐོང་བྱུང་ཞེས་སྨྲས་བྱུང་།
༢༢ ཡཱ་ཝཱེ་ཁྱེད་ཀྱིས་དེ་གཟིགས་ཡོད། ཞལ་རོག་མ་བཞུགས་ཀྱེ་ཡཱ་ཝཱེ། ང་དང་ཉེ་བར་བཞུགས་པར་མཛོད།
༢༣ ང་ཡི་དཀོན་མཆོག་ངའི་ཡཱ་ཝཱེ། མནལ་སོད་ངའི་གཤགས་གཅོད་ཕྱིར་བཞེངས།
༢༤ ང་ཡི་དཀོན་མཆོག་ཀྱེ་ཡཱ་ཝཱེ། ཐུགས་དྲང་བཞིན་དུ་ངའི་གཤགས་མཛོད། ངའི་ཕྱིར་དེ་དག་འཐད་མ་ཆུག
༢༥ དེ་ཚོའི་སྙིང་ནང་ཨ་ཧ་ཧ། ངེད་ཀྱི་འདོད་པའམ་འདི་ཀ་ཡིན། ཞེས་དེ་རྣམས་ལ་ཟེར་མ་གནང་། ངེད་ཀྱིས་ཁོ་ནི་མིད་ཚར་རོ། ཞེས་ཀྱང་དེ་ཚོར་ཟེར་མ་ཆུག
༢༦ ང་ལ་གནོད་པར་དགའ་མཁན་རྣམས། ངོ་ནི་ཚ་ཞིང་ཁྲེལ་བར་ཤོག ང་ལ་ངོམ་བསྟན་མཁན་རྣམས་ནི། ངོ་ཚ་དམའ་འབེབས་ཀྱིས་ཁེབས་ཤོག
༢༧ ངའི་རྒྱུ་དྲང་པོར་དགའ་མཁན་རྣམས། འཐད་ཅིང་དགའ་བས་ཀུ་ཐེགས་ཤོག ཉིད་ཀྱི་བྲན་པོ་དར་བ་ལ། མཉེས་པའི་ཡཱ་ཝཱེར་དུས་རྒྱུན་དུ། བསྟོད་ཅིག་དེ་ཚོས་སྨྲ་བར་ཤོག
༢༨ དེ་ནས་བདག་གི་ལྕེས་ཁྱེད་ཀྱི། དྲང་བ་ཉིད་ཀྱི་གཏམ་བྱེད་ཅིང་། ཉིན་མོ་ཐོག་ཐག་ཁྱོད་བསྟོད་འོང་༎